ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས7ཉིན་གྱི་སྔ་དྲོར། ཙུང་ལི་ལིས་ཁི་ཆང་གིས་སོ་ཧྥེ་ཡ་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ས་གནས་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་མཛད།

ལིས་ཁི་ཆང་གིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་འགྲེམ་སྟོན་སྟེགས་བུའི་མདུན་ནས། ཀྲུང་གོའི་ཐོན་རྫས་ལ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཁག་གིས་དགའ་བསུ་ཐོབ་བཞིན་པར་རྒྱུས་ལོན་བྱུང་རྗེས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་ཕན་ཚུན་ཁ་གསབ་ཀྱི་བྱེད་ནུས་སྟོབས་དང་ལྡན་པ་ཞིག་ཡོད་ཅིང་། ཕྱོགས་གཉིས་ཀས་སྒོ་འབྱེད་ལ་བརྟེན་ནས་ཕན་ཚུན་གྱི་ཉོ་ཚོང་དང་དངུལ་གཏོང་གི་གཞི་ཁྱོན་ཆེ་རུ་བསྐྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་ཀྱི་དགོས་མཁོ་ལྟར་ས་གནས་ནས་བཟོ་གྲྭ་འཛུགས་པར་སྐུལ་འདེད་བཏང་ནས། ཐོན་རྫས་ཀྱི་ས་གནས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ཡོད་ཟེར།

ལིས་ཁི་ཆང་གིས་ཞིང་ལས་དཔེ་སྟོན་མཉམ་ལས་འགྲེམ་སྟོན་སྟེགས་བུའི་མདུན་ནས། པོ་ཅ་ལི་ཡ་ཕྱོགས་ཀྱིས་ནང་འདྲེན་བྱས་པའི་ཀྲུང་གོའི་ཆུ་འབྲས་དང་སྔོ་ཚོད་རིགས་ཀྱི་སྐྱེ་ཚུལ་བཟང་ལ། ཡོ་རོབ་གླིང་ནུབ་མའི་ཁྲོམ་རར་འཚོང་བཞིན་པ་མཐོང་བས། ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་ལ། ངེས་པར་དུ་ཞིང་ལས་མཉམ་ལས་དཔེ་སྟོན་ས་ཁུལ་བཟང་བོར་བསྒྲུབ་ནས། ས་གནས་ཀྱི་ཁྲིམས་སྲོལ་བརྩི་སྲུང་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་པར་གདམས།

ལིས་ཁི་ཆང་གིས་རྒྱལ་ཁབ་སོ་སོའི་ཙུང་ལི་དང་ལྷན་དུ་ཡུལ་དངོས་ནས་ཀྲུང་གོས་ཐོན་སྐྱེད་བྱས་པའི་རླངས་འཁོར་གྱི་རིགས་དང་ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་ཐོན་རྫས་ལ་གཟིགས་ཞིབ་མཛད། ཀྲུང་གོའི་ཆ་འཕྲིན་ཐོན་རྫས་དང་ལག་རྩལ་གྱིས་ས་གནས་ལ་མཉམ་ལས་བྱས་ཏེ་མ་ལག་རང་བཞིན་གྱི་བཀོལ་སྤྱོད་རྣམ་པ་གྲུབ་ཡོད་པ་མཐོང་བས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁྲོམ་ར་སྒོ་འབྱེད་བྱས་ཏེ། ཕྱི་རྒྱལ་ཐོན་རྫས་བཟང་པོ་ཀྲུང་གོའི་ཁྲོམ་རར་ནང་འདྲེན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་པར་མ་ཟད། ཀྲུང་གོའི་རིན་གོང་ཅུང་ལེགས་པའི་ཐོན་རྫས་སྣ་མང་ཅན་རྒྱལ་སྤྱིའི་ཚོང་རར་འདྲེན་པར་རྒྱབ་སྐྱོར་བྱེད་ངེས། དེ་ལྟར་བྱས་ན་གཞི་ནས་ཕྱོགས་གཉིས་ཀའི་འཛད་སྤྱོད་པར་གདམ་གསེས་ཀྱི་ཁྱབ་ཁོངས་མང་པོ་ཡོད་ཅིང་། དེ་ནི་ཉོ་ཚོང་རང་དབང་ཅན་གྱི་ཆོས་ཉིད་དང་མཐུན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རོགས་རེས་གཉིས་ཕན་གྱི་རྣམ་པ་ལེགས་པོ་མངོན་འགྱུར་བྱེད་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།