ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སོ་སོར་ཨར་པ་ཉི་ཡ་དང་ཨེ་ཧྲ་ཉི་ཡ། ཧང་ག་རི། ཁི་ལོ་ཏི་ཡ། སི་ལོ་ཝ་ཁི། སེར་ཝེ་ཡ་བཅས་ཀྱི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཧྥེ་ཡའི་ཁོང་བཞུགས་སའི་མགྲོན་ཁང་ནས་སོ་སོར་ཨར་པ་ཉི་ཡའི་ཙུང་ལི་ལཱ་མཱ་དང་། ཨེ་ཧྲ་ཉི་ཡའི་ཙུང་ལི་ལཱ་ཐ་སི། ཧང་ག་རིའི་ཙུང་ལི་ཨོར་པན། ཁི་ལོ་ཏི་ཡའི་ཙུང་ལི་ཕུའུ་ལེན་ཁུ་ཝེ་ཆི། སི་ལོ་ཝ་ཁིའི་ཙུང་ལི་ཕེ་ལའེ་ཀི་ལི་ཉི། སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ནཱ་པི་ཆི་བཅས་ལ་མཇལ་འཕྲད་གནང་།

ལཱ་མཱ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨར་པ་ཉི་ཡའི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བྱུང་ཡོད། སང་ལོར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་ཡིན། ཀྲུང་གོས་ཨར་པ་ཉི་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྩ་དོན་ལ་དམིགས་ནས། རང་སོ་སོའི་ཁྱད་སྟོབས་ཐོན་ཁུངས་དང་སྦྲེལ་ཏེ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད། དེའི་ནང་དུ་ཨར་པ་ཉི་ཡའི་སྤུས་ལེགས་ཁྱད་ལྡན་ཐོན་ཁུངས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། ཨར་པ་ཉི་ཡ་ནས་མཉམ་ལས་བྱས་ཏེ་ཞིང་ལས་འཕྲུལ་ཆས་མཉམ་ལས་དཔེ་སྟོན་ལྟེ་གནས་འཛུགས་པ། ཆུའི་ཐོན་ཁུངས་བཀོལ་སྤྱོད་དང་གནོད་འཚེ་འགོག་བཅོས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། རིག་གནས་དང་སློབ་གསོ། ན་གཞོན་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་སོགས་ཡོད། ཀྲུང་གོས་རྒྱལ་ཁབ་རང་གི་སྟོབས་ཤུགས་ཡོད་པའི་ཁེ་ལས་ཨར་པ་ཉི་ཡ་ལ་མ་དངུལ་གཏོང་དུ་སོང་ནས། གཉིས་ཕན་མཉམ་རྒྱལ་སྔར་ལས་བཟང་པོར་མངོན་འགྱུར་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།

ལཱ་ཐ་སི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་ཐོག་མར་ཨེ་ཧྲ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་རང་བཙན་བྱས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་དང་ཨེ་ཧྲ་ཉི་ཡའི་འྲེལ་བར་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་བྱུང་ཡོད། ཀྲུང་གོས་ཨེ་ཧྲ་ཉི་ཡས་རང་གི་འཕེལ་རྒྱས་འཐབ་ཇུས་དེ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་སྦྲེལ་བར་གཟེངས་བསྟོད་བྱེད་བཞིན་ཡོད། དེང་སྐབས་ཀྲུང་གོ་དང་ཨེ་ཧྲ་ཉི་ཡའི་ནུས་ཁུངས་དང་ལས་རྣམ་གསར་པ། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་གསར་པ་ཐོབ་ཡོད། ཀྲུང་གོས་རྒྱལ་ཁབ་རང་གི་གློག་ཚོང་ཁེ་ལས་ཀྱིས་ཨེ་ཧྲ་ཉི་ཡའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་དང་འགྲིམ་འགྲུལ་དངོས་སྐྱེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།

ཨོར་པན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཧང་ག་རིའི་སྲིད་གཞུང་དང་ཙུང་ལི་ཉིད་ཀྱིས་ན་ནིང་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཀྱི་པུའུ་ཏ་ཕེ་སིའི་ཐུག་འཕྲད་ལེགས་འགྲུབ་འབྱུང་བར་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོས་ཧང་ག་རིའི་བར་དུ་མཐོ་རིམ་འགྲོ་འོང་མུ་མཐུད་སྲུང་འཛིན་བྱེད་རྒྱུ་མ་ཟད་དེར་ཤུགས་སྣོན་འདོད་ཡོད་ལ། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་གོ་སྐབས་སུ་བརྩིས་ནས། དགའ་སྟོན་བྱ་འགུལ་བཟང་པོར་སྤེལ་བ་དང་། རིམ་པ་སོ་སོའི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་གོང་འཕེལ་དུ་གཏོང་འདོད་ཡོད། ཀྲུང་གོས་ཧང་ག་རི་དང་མཉམ་དུ་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་དང་བཅས་འི་ལས་གཞི་ཆེན་པོའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕུའུ་ལེན་ཁུ་ཝེ་ཆི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁི་ལོ་ཏི་ཡའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་ལ། དངོས་གཉེར་མཉམ་ལས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཁི་ལོ་ཏི་ཡ་དང་ཐ་ན་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དཔེ་སྟོན་རང་བཞིན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་ཁི་ལོ་ཏི་ཡའི་དགོས་མཁོ་ལ་དམིགས་ནས། རྒྱལ་ཁབ་རང་གི་ཁེ་ལས་ཀྱིས་ཡོ་རོབ་གླིང་གི་ཁྲིམས་སྲོལ་དང་ཁྲོམས་རའི་རྩ་དོན་གཞིར་བཟུང་སྟེ་ཁི་ལོ་ཏི་ཡའི་གྲུ་ཁ་དང་ལྕགས་ལམ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཕེ་ལའེ་ཀི་ལེ་ཉི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་སི་ལོ་ཝ་ཁི་གཉིས་བར་སྔོན་ཆད་ནས་མཛའ་མཐུན་འབྲེལ་བ་ཡོད། སང་ལོ་ནི་ཀྲུང་གོ་དང་སི་ལོ་ཝ་ཁིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཕ་རོལ་བའི་སྲོག་ཤིང་གི་ཁེ་ཕན་དང་སེམས་ཁུར་གཙོ་བོར་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་། ཆབ་སྲིད་ཡིད་ཆེས་དང་དངོས་གཉེར་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་འོས། ཀྲུང་གོས་སི་ལོ་ཝ་ཁིའི་ཕྱོགས་ལ་ལྕགས་ལམ་དང་རླངས་འཁོར་སོགས་ཕྱོགས་ཀྱི་མཉམ་ལས་ཐད་ནས་གྲོས་སྡུར་བྱེད་འདོད་ཡོད་ལ། དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཉོ་འཚོང་དངུལ་གཏོང་སྟབས་བདེ་ཅན་དུ་གཏོང་འདོད་ཡོད་ཟེར།

པུའུ་ཨར་ན་པི་ཆི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་སོང་བ་བདེ་བླག་ཡིན་ལ། ཀྲུང་གོ་དང་སེར་ཝེ་ཡའི་དངོས་གཉེར་མཉམ་ལས་ལ་རྨང་གཞི་བཏིངས་པ་ཧ་ཅང་བཟང་། ཀྲུང་གོས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་སྲིང་དང་སྐྱེ་སྟོབས་འབར་བའི་སྒོ་ནས་གོང་དུ་སྤེལ་འདོད་ཡོད་ཟེར།

ཞའོ་ཅེ་དང་ཧི་ལིས་ཧྥིན་གཉིས་གོང་གི་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།