ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་དྲུག་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཁོང་གིས་ནན་གྱིས་བསྟན་དོན། སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་འགན་ཁུར་ལྕི་དྲགས་པ་ནི། རང་རྒྱལ་གྱི་རྨང་གཞིའི་སློབ་གསོའི་ཁྲོད་ཡུན་རིང་གནས་པའི་འབུར་ཐོན་གནད་དོན་ཅིག་ཡིན་ལ། ན་གཞོན་གྱི་བདེ་ཐང་འཚར་ལོངས་དང་སྤུས་ཚད་སློབ་གསོའི་དངོས་འབེབ་ལའང་གནོད་པ་ཡོད། ཏང་ཀྲུང་དབྱང་གིས་དེར་ཚད་མཐོ་བའི་གདེང་འཇོག་བྱས་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། ཐེངས་འདིའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་གྲོས་ཚོགས་སྟེང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཕྱིའི་འགན་ཁུར་ལྕི་བའི་གནད་དོན་ཐག་གཅོད་པ་དེ་གྲོས་གཞི་བྱས་པ་ནི་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པ་དང་། སློབ་གསོའི་ཁྱབ་ཁོངས་སུ་གནས་པའི་གནད་དོན་དང་དཀའ་ངལ་ལ་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ནས། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འགན་ཁུར་ལྕི་བའི་རྒྱུ་རྐྱེན་རབ་དང་རིམ་པ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གནད་དོན་ཐག་གཅོད་ཀྱི་རིགས་ལམ་སྔར་ལས་གསར་གཏོད་དང་། མི་དམངས་ཡིད་ཚིམས་པའི་སློབ་གསོ་ཞིག་སྒྲུབ་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན།

ཨུ་ཡོན་རྣམས་ཀྱིས་བཤད་རྒྱུར། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཕྱིའི་འགན་ཁུར་ལྕི་བའི་སྣང་ཚུལ་དེ་སློབ་གསོའི་གནད་དོན་ཡིན་ལ། སྤྱི་ཚོགས་ཀྱི་གནད་དོན་ཀྱང་རེད། འགན་ཁུར་ཇེ་ཡངས་སུ་གཏོང་བ་ནི་སྟབས་བདེའི་སྒོ་ནས་ལས་བྱ་དང་སློབ་ཁྲིད་ཀྱི་དུས་ཚོད་ཇེ་ཉུང་ལ་གཏོང་རྒྱུ་ཙམ་མིན་ལ། དཀའ་སྤྱད་འབད་བརྩོན་གྱི་སློབ་སྦྱོང་གི་རྣམ་འགྱུར་ལ་དགག་པ་ཞིག་མིན་ལ། སློབ་སྒྲུབ་སྤུས་ཚད་མར་འགྲིལ་ནས། སློབ་གསོའི་ཐོན་ཁུངས་ཕྱོགས་རེ་བ་ཞིག་ལ་བརྩོན་པ་དེ་བས་ཀྱང་མིན་པར། དེ་ནི་སློབ་གསོའི་ཆོས་ཉིད་དང་འགལ་བ་དང་ན་གཞོན་འཚར་ལོངས་ཀྱི་ཆོས་ཉིད་དང་འགལ་བའི་ཁེ་ཕན་རང་བཞིན་གྱི་སློབ་སྒྲུབ་བྱ་བྱེད་དང་སྒྲིག་འགལ་སློབ་སྒྲུབ་ཀྱི་སྣང་ཚུལ་ཉོབ་པོ་ཇེ་ཉུང་དུ་གཏོང་བ་དེ་ལ་ཟེར། སློབ་གྲྭ་དང་གསོ་སྦྱོང་ལས་ཁུངས་བར་གྱི་ལྟག་རྒྱབ་ལ་ལྐོག་གི་ཁེ་ཕན་གྱི་ལྕགས་ཐག་དུམ་བུར་གཅོད་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་གིས་སློབ་གསོའི་སྒར་ས་གཙོ་བོའི་བྱེད་ནུས་ཀྱི་འགན་ཐེག་དགོས། སློབ་གྲྭས་སྐར་གྲངས་ལ་བལྟས་ནས་སློབ་མར་དཔྱད་འཇོག་བྱེད་པ་དང་། སྲིད་གཞུང་གིས་སློབ་འཕར་གྱི་ཚད་གཞིར་བཟུང་ནས་སློབ་གྲྭ་ལ་གདེང་འཇོག་བྱེད་པའི་ཕྱོགས་རེ་བའི་སྒྲུབ་སྟངས་ལ་འགྱུར་བ་བཏང་ནས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སློབ་གྲྭ་ཆུང་འབྲིང་གི་འགན་ཁུར་ཇེ་ཡང་དུ་གཏོང་བའི་བྱ་བ་གཙོ་བོར་བཟུང་ནས། ལྟ་སྐུལ་གྱི་འགན་ནུས་གསལ་ཐག་ཆོད་ཅིང་། སྲིད་ཇུས་ཀྱི་སྒྲིག་ཁྲིམས་ལེགས་སྒྱུར་བྱས་ཏེ། མཐུན་སྦྱོར་གྱི་ཞབས་ཞུ་བཟང་པོར་སྒྲུབ་དགོས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་ཚན་རིག་དང་མཐུན་པའི་སློབ་གསོའི་ལྟ་བ་བཙུགས་ཤིང་། འཇོན་ཐང་གི་ལྟ་བ་ཡང་དག་ཆགས་དགོས་ལ། སློབ་མའི་ལུས་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་འགྲོ་བའི་བདེ་ཐང་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་གིས་བརྗོད་གཞིའི་གཏམ་བཤད་སྤེལ། སློབ་གསོ་སྡེ་ཁག་གི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། དམངས་སྲིད་པུའུ་དང་ནོར་སྲིད་པུའུ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་བས་བརྗེ་རེས་འབྲེལ་འདྲིས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།