ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཧོང་ཀང་སྡེ་བའི་ཞིང་པ་ཏན་ཡོན་ཚོས་དབུལ་ཕོངས་ས་ཁུལ་ལ་ཇ་སྡོང་ཞལ་འདེབས་འབུལ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཧོང་ཀང་སྡེ་བའི་ཞིང་པ་ཏང་ཡོན་ཚོས་ཁོང་ལ་འཕྲིན་ཡིག་བསྐུར་ནས་དབུལ་ཕོངས་ས་ཁུལ་ལ་ཇ་སྡོང་ཞལ་འདེབས་འབུལ་བའི་དོན་དག་ཐད་ནས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་སྐོམ་པ་སོད་ན་ཆུ་ཡི་དྲིན་མི་བརྗེད་པ་དང་ཕྱུག་པོར་གྱུར་ན་ཏང་གི་དྲིན་མི་བརྗེད་ཅེས་པའི་སྐད་ཆ་འདི་ཧ་ཅང་བཟང་། དྲིན་ཅན་གྱི་དྲིན་དང་ཏང་གི་དྲིན་མི་བརྗེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་དཀའ་ངལ་སེལ་རོགས་བྱེད་པ་དང་སྔོན་ལ་ཕྱུག་པོར་གྱུར་ན་གཞན་ལ་རོགས་རམ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་འདི་ནི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་རྒྱལ་ཁ་ལེན་པར་དོན་སྙིང་ཆེན་པོ་ལྡན་ཞེས་ནན་གྱིས་བསྟན།

ད་ལོའི་ཟླ་བཞི་པར། ཧོང་ཀང་སྡེ་བའི་ཞིང་པ་ཏང་ཡོན་ཉི་ཤུས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སྡེ་བའི་ནང་དུ་ཇ་དཀར་གྱི་སྡོང་པོ་བཙུགས་ནས་ཕྱུག་པོར་གྱུར་པའི་གནས་ཚུལ་ཡར་ཞུར་ཕུལ་བ་དང་། ཇ་དཀར་གྱི་སྡོང་ཕྲུག་སྟོང་གཅིག་དང་ལྔ་བརྒྱ་ཞལ་འདེབས་སུ་ཕུལ་ནས་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱ་རྒྱུའི་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་ཕྱོགས་ལ་འབྲེལ་འདྲིས་བྱས་ཏེ། ཧུའུ་ནན་ཞིང་ཆེན་གྱི་ཀུའུ་ཀྲང་རྫོང་དང་ས་ཁྲོན་ཞིང་ཆེན་གྱི་ཆིན་ཁྲོན་རྫོང་། ཀོས་ཀྲིག་ཞིང་ཆེན་གྱི་ཕུའུ་ཨན་རྫོང་དང་ཡན་ཧི་རྫོང་བཅས་ཞིང་ཆེན་གསུམ་གྱི་རྫོང་བཞིའི་ཚགས་བཙུགས་བྱང་བསྒྲིགས་ཀྱི་དབུལ་ཕོངས་སྡེ་བ་སོ་བཞི་ཞལ་འདེབས་འབུལ་སར་གཏན་ཁེལ་བྱས། ཞལ་འདེབས་འབུལ་སའི་རྫོང་བཞི་པོ་ནི་རྒྱལ་ཁབ་ཀྱི་དབུལ་ཕོངས་རྫོང་དང་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དབུལ་ནག་རྫོང་ཡིན་ལ། ཞལ་འདེབས་འབུལ་སའི་མང་ཚོགས་ཚང་མ་དབུལ་ཐར་བྱས་མེད་པའི་ཚགས་བཙུགས་བྱང་བསྒྲིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་རེད།

ཉེ་སྔོན། ཧོང་ཀང་སྡེ་བའི་ཞིང་པ་ཏང་ཡོན་གྱིས་ནུབ་རྒྱུད་ས་ཁུལ་གྱི་དབུལ་ཕོངས་སྡེ་བར་ཇ་དཀར་སྡོང་ཕྲུག་ཞལ་འདེབས་འབུལ་བའི་གྲོས་མཐུན་མཛད་སྒོ་དངོས་སུ་བསྡུས་པ་དང་། གྲོས་མཐུན་ལྟར་ན་ཧོང་ཀང་སྡེ་བའི་སྡེ་དམངས་ཀྱིས་གོང་གི་དབུལ་ཕོངས་སྡེ་བ་སོ་བཞི་ལ་ཇ་དཀར་སྡོང་ཕྲུག་ཞལ་འདེབས་སུ་འབུལ་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་ཁྱིམ་ཚང་སྟོང་གཅིག་དང་བརྒྱད་བརྒྱ་རེ་གཉིས་ཀྱི་དབུལ་པོ་སྟོང་ལྔ་དང་བརྒྱད་བརྒྱ་སོ་དགུའི་ཡོང་སྒོ་ཇེ་མང་དུ་སོང་ནས་དབུལ་ཐར་བྱེད་པར་རོགས་རམ་བྱེད་ཐུབ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།