ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་བདེན་འཚོལ་དང་དར་དམར་དུས་དེབ་སྤེལ་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་བདེན་འཚོལ་དང་དར་དམར་དུས་དེབ་སྤེལ་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་དུས་དེབ་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རེ་བ་ཆེན་པོ་བཏོན།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། བདེན་འཚོལ་དུས་དེབ་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་བྱ་བར་མཛུབ་སྟོན་བྱེད་པའི་བསམ་བློའི་རིགས་གཞུང་གཡུལ་ས་གལ་ཆེན་ཞིག་ཡིན། དུས་ཡུན་རིང་བོར་བློ་མཐུན་རྣམས་ཀྱིས་ཏང་གི་དུས་དེབ་ཏང་ལ་དབང་བ་དང་ཆབ་སྲིད་པས་དུས་དེབ་བསྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་ཧུར་ཐག་སྒོས་ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་དྲིལ་སྒྲོག་དང་རྒྱས་བཤད་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་དྲིལ་སྒྲོག་དང་རྒྱས་བཤད་བྱས་པར་མ་ཟད། དུས་ཐོག་ཏུ་ཏང་གི་ཆེས་གསར་བའི་རིགས་གཞུང་གྲུབ་འབྲས་དྲིལ་སྒྲོག་བྱས་པ་དང་། ཏང་གི་རིགས་གཞུང་ཞིབ་འཇུག་དང་དྲིལ་སྒྲོག་ཕྱོགས་སུ་དཀའ་སྤྱད་སྒོས་འཚོལ་ཞིབ་དང་འབད་བརྩོན་ལྷོད་མེད་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་རིགས་གཞུང་དར་ཆ་མཐོན་པོར་སྒྲེང་བ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་ལ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ་དང་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོན་པའི་གཅིག་གྱུར་བྱེད་དགོས་པར་མ་ཟད། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། རིགས་གཞུང་དོན་དངོས་དང་སྦྲེལ་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཡར་ཐོན་བརྩོན་ལེན་དང་བཅོས་སྒྱུར་གསར་གཏོད་བྱས་ཏེ་མུ་མཐུད་དུ་རིགས་གཞུང་དྲིལ་སྒྲོག་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་ཕྱི་བཟང་བོ་སྒྲུབ་ནས། མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་རྣམ་པའི་ཁྱབ་ཁོངས་སུ་ཟིན་པའི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བ་དང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།