ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་འགོ་འཛིན་བྱས་ཏེ་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། གནད་ཕིགས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བཏོན་པའི་མཁྲེགས་གཏོར་ཆེན་པོ་གསུམ་གྱི་གྲས་ལས་གཅིག་ཡིན། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གནད་དོན་ཐག་གཅོད་བྱེད་དགོས་པ་གྲོས་གཞིར་བཟུང་བ་དེ་ནི། རྒྱལ་ཡོངས་སྲིད་གྲོས་ཀྱིས་བསྟུད་མུར་ལོ་གསུམ་གྱི་རིང་ལ་དབུལ་ཐར་མཁྲེགས་གཏོར་གྲོས་གཞིར་བཟུང་ནས་བསྡུས་པའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་ཤིག་ཡིན་ལ། དེས་མི་དམངས་སྲིད་གྲོས་ཀྱིས་སྲོག་ཤིང་དཀྱིལ་སྙིང་དུ་འཛིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆོས་ཉིད་མངོན་པར་མཚོན་ཡོད། ཏང་ཁག་སོ་སོའི་ཚོགས་པ་དང་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་སོ་སོས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ལེན་རྦད་ཆོད་བྱས་ཏེ། བསམ་བློ་གཅིག་བསྡུས་དང་ཕྱོགས་གཅིག་ལ་སྟོབས་ཤུགས་ཕུལ་ནས། རང་རྒྱལ་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་གསར་ཤོས་དང་དགེ་མཚན་ཆེན་པོ་མངོན་པར་བསྟན་ཡོད།

ཝང་དབྱང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་གནད་ཕིགས་དབུལ་སྐྱོར་དང་དབུལ་ཕིགས་དབུལ་ཐར་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱས་ནས། བྱ་བའི་བྱེད་ཤུགས་ཆེ་ལ་གཞི་ཁྱོན་ཆེ་བ། སྔར་མེད་ཤུགས་རྐྱེན་ལེགས་པ་བཅས་ལ་བརྟེན་མཐར། དབུལ་སྐྱོར་བྱ་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། ཀྲུང་གོའི་ཆབ་སྲིད་ཀྱི་དགེ་མཚན་དང་ལམ་ལུགས་དགེ་མཚན་གྱི་མངོན་སྟངས་གལ་ཆེན་ཞིག་ཏུ་གྱུར། མིག་སྔའི་དབུལ་སྐྱོར་བྱ་བའི་ཁྲོད་དུ་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཁ་ཤས་སྔར་བཞིན་གནས་ཡོད་ཅིང་། དེ་ཡང་མདོར་དེད་ན་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་ཐབས་ཇུས་ལག་བསྟར་དོན་འཁྱོལ་མ་བྱས་པ་ལས་བྱུང་བ་ཡིན་པས། ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་གྱི་ཆབ་སྲིད་དགེ་མཚན་དང་ལམ་ལུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་གནད་ཕིགས་སྲིད་ཇུས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོད་དགོས། གལ་ཏེ་ཡུལ་བབ་དང་བསྟུན་པ་དང་མི་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་པ་ཡིན་ན། གཞི་ནས་རང་རྒྱལ་དབུལ་སྐྱོར་བྱ་བའི་ཕན་འབྲས་རང་བཞིན་ཇེ་མཐོར་འགྲོ་བར་མ་ཟད། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།