ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་མཱ་ཏིས་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

94f9f503fc6a59508aa60a611925f62f.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་མཱ་ཏིས་སི་ལ་མཇལ་འཕྲད་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་མཱ་ཏིས་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁས་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འགོར་བའི་ལོ་རྒྱུས་དང་དོན་དངོས་ལས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་དང་། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་ཕན་པ་ཡོད་པ་གསལ་བོར་མཚོན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁར་ཁྱབ་ཁོངས་མང་པོ་རུ་ཐུན་མོང་གི་ཁེ་ཕན་ཡོད་པ་དང་ཕྱོགས་གཉིས་བར་དུ་ཐུན་མོང་གི་འདྲ་ས་མང་བ་དེ་འགལ་བ་སྣ་ཚོགས་ལས་ཧ་ཅང་ཤུགས་ཆེ། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་ཐུན་མོང་གི་ཁེ་ཕན་གནས་པ་གསལ་བོར་མཐོང་བ་དང་མཉམ་དུ་ང་ཚོས་ཀྱང་ཕྱོགས་གཉིས་བར་དུ་གནས་པའི་འགལ་བར་ཟུར་བྱོལ་བྱེད་མི་རུང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ང་ཚོའི་ལངས་ཕྱོགས་བརྟན་ཞིང་གསལ་བོ་ཡིན་པ་དང་། མེས་པོའི་རིང་བཞག་པའི་མངའ་ཁོངས་ཕྲན་ཙམ་ཡང་གཞན་ལ་ཤོར་དུ་མི་འཇུག་མི་རུང་ལ་གཞན་གྱི་དངོས་པོ་ཕྲན་ཙམ་ཡང་ང་ཚོར་མི་དགོས་ཟེར།

མཱ་ཏིས་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དམག་དཔུང་གཉིས་ཀྱི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་བྱས་ཏེ། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་པ་དང་འགལ་བའི་ཉེན་ཁར་དོ་དམ་ཚོད་འཛིན་བྱས་ནས། དམག་དཔུང་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་འཛུགས་སྐྲུན་རང་བཞིན་གྱི་རྒྱུ་རུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།