ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རི་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1122964702_15286511655621n.jpg

ཟླ6པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་ནས་ཨུ་རི་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུའི་ཉིན་ཆིན་ཏོ་ནས་ཨུ་རི་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག་ཀྲུང་གོ་དང་ཨུ་རི་སི་དཀར་པོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཕན་ཚུན་ལ་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཀྱི་དུས་རིམ་གསར་བར་བསྐྱོད་པ་རེད། བདག་དང་སྐུ་ཞབས་ཙུང་ཐུང་གཉིས་བར་བྱུང་བའི་ཐུན་མོང་གི་མཉམ་ལས་ལྟ་ཚུལ་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་དངོས་འབེབ་བྱས་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ལོ་རྒྱུས་རང་བཞིན་གྱི་ཆུ་ཚད་མཐོར་པོར་སླེབས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་ལས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པའི་ཐོབ་ཚོར་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཨུ་རི་སི་དཀར་པོ་ནི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་གྲོགས་པོ་གལ་ཆེན་དུ་ལྟ་བཞིན་ཡོད་པར་མ་ཟད། ཨུ་རི་སི་དཀར་པོའི་ཕྱོགས་ལ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཉེ་བའི་ལོ་འདི་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་འདོན་པ་དང་ཐོལ་བརྒལ་མང་པོ་བྱུང་བ། གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། ཕྱོགས་གཉིས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ། མི་དམངས་ལ་ཕན་ཁེ་ཡོད་པའི་མཉམ་ལས་ཀྱི་གྲུབ་འབྲས་མང་པོ་སྔར་ལས་བརྩོན་ལེན་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་པ་དང་། ཕན་ཚུན་བར་གྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་བཟོ་ལས་ར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་ཀྱི་མཉམ་ལས་ལས་གཞིར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་ཁེ་ཐོབ་པར་ཁག་ཐེག་བྱེད་པ་དང་མི་སྣའི་བར་གྱི་འགྲོ་འོང་ལ་ཡར་སྐུལ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁྲོད་ཞུགས་པར་དགའ་བསུ་དང་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ས་གནས་ཀྱི་རྒྱལ་ཁབ་དང་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལུའུ་ཁ་ཧྲིན་ཁི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁའི་ངང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་ལ་འགོ་འཛིན་བྱས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཆིན་ཏོ་མཐོ་རིམ་གྲོས་ཚོགས་ཀྱི་གཟི་ཉམས་དང་ཀྲུང་གོ་ཕྱོགས་ཀྱིས་གྲོས་ཚོགས་སྒྲུབ་པའི་གོ་རིམ་ཁྲོད་དུ་མངོན་པའི་འདྲ་མཉམ་དམངས་གཙོ་ཡི་སྙིང་སྟོབས་ལ་བསྟོད་བསྔགས་བྱས། ཨུ་རི་སི་དཀར་པོ་དང་ཀྲུང་གོ་གཉིས་ནི་ཁྱོན་ཡོངས་ཀྱི་གྲོགས་པོ་བཟང་བོ་ཡིན་པ་དང་། ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་གྱི་སྟེང་ནས་ནམ་ཡིན་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་ཡིན། ཨུ་རི་སི་དཀར་པོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱུད་གཅིག་ལམ་གཅིག་གྲོས་གཞིར་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་དུ་ཧུར་ཐག་གིས་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

མཇལ་འཕྲད་ཀྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པར་བདེན་དཔང་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།