ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིན་ཞ་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉིན་ཞ་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

དབྱིན་ཁྲོན་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནང་ལིས་ཁི་ཆང་གིས་ཉིན་ཞའི་མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་བྱ་བ་དང་གཞིས་ཁུལ་དང་ཞང་གྲོང་དུ་རྒྱང་བསྟེན་ནད་བརྟག་སྨན་བཅོས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་མཉམ་འབྲེལ་ནད་བརྟག་སྨན་བཅོས་ནད་པའི་གཞིས་ཁུལ་གྱི་སྨན་པ་དང་པེ་ཅིན་གྱི་ཆེད་མཁས་པར་དྲ་ལམ་ནས་བརྗེ་རེས་བྱས་པ་དང་། ཁོ་ཚོར་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་མཁན་བྱེད་དགོས་པའི་སྐུལ་མ་བཏང་། ལིས་ཁི་ཆང་གིས་གསུངས་རྒྱུར། ཉིན་ཞ་ཡིས་མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་གི་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པའི་ཐད་ནས་ཀུན་གྱི་མདུན་གྲས་སུ་སྐྱོད་དེ་རིགས་སོ་སོའི་མང་ཚོགས་དང་མཐའ་འཁོར་ས་ཁུལ་ལ་ཁེ་ཕན་སྐྲུན་དགོས་པ་དང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་སྲིད་ངེས་ཡིན་ཟེར།

ལིས་ཁི་ཆང་ཡུང་ཉིན་རྫོང་མེན་ཉིན་སློབ་འབྲིང་དུ་ཕེབས་ཏེ་མཉམ་འབྲེལ་དྲ་རྒྱ་དང་སློབ་གསོ་མཉམ་འབྲེལ་སྒོས་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ལིས་ཁི་ཆང་གིས་སློབ་གྲྭའི་དགེ་རྒན་གྱི་ཡོང་སྒོ་ཞིབ་འདྲི་བྱས་པ་དང་། ས་གནས་ཀྱིས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོག་དེ་ས་གནས་སྤྱི་ཞབས་པའི་ཆ་སྙོམས་ཟླ་ཕོག་གི་ཆུ་ཚད་ལས་དམའ་མི་རུང་བར་བྱེད་པ་དང་། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་ལས་ཁུངས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་པར་འགན་དཀྲི་ངེས་ཡིན་ཟེར།

ལིས་ཁི་ཆང་གིས་ཉེ་བའི་ལོ་འགའི་རིང་ལ་ཉིན་ཞས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཕེལ་རིམ་ཁྲོད་དུ་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་ཐུགས་རེ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།