ཕྱི་རྒྱལ་གྱི་འབྲེལ་ཡོད་འགོ་གཙོས་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཡིད་འཇོག་བྱེད་བཞིན་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་རང་རྟོགས་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ་བསགས་པའི་དངོས་པོའི་རྨང་གཞི་བཀོལ་སྤྱོད་བྱེད་དགོས་ལ། ཤུགས་ཚད་ཇེ་ཆེར་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་ནས། རང་རྒྱལ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་དུ་མིག་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་གཅེས་སྤྲས་བྱེད་དགོས་པ་སོགས་ཀྱི་དོན་སྙིང་ལྡན་པའི་ཚིག་དང་དེ་ལས་མཚོན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་ལ་ལོ་གོ་གསུམ་ལ་སོན་པའི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་མི་གཞུང་ཚན་རིག་གླིང་གི་ཡོན་ཧྲི་ཞོ་ཡོ་ཧན་ཁི་པུའུ་ཡིས་གཟེངས་བསྟོད་བྱེད་པའི་ཚུལ་བསྟན།

ཨ་མེ་རི་ཁའི་ཀྲི་ཅ་ཀི་སློབ་ཆེན་གྱི་ནུས་ཁོངས་སྲིད་ཇུས་ཞིབ་འཇུག་ཁང་གི་དཔལ་འབྱོར་རིག་པའི་ཆེད་མཁས་པ་ཀི་ལིན་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོས་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བ་ཁག་ཐེག་བྱེད་པ་དང་མཉམ་དུ་མུ་མཐུད་ནས་མཁའ་དབུགས་བཙོག་བཟོ་ཇེ་ཉུང་དུ་གཏོང་ངེས་ཡིན། མིག་སྔར་ཞིང་ཆེན་སོ་སོས་བྱ་སྤྱོད་ཁ་ཤས་སྤེལ་བཞིན་ཡོད་ལ། མ་འོངས་པར་ད་དུང་མུ་མཐུད་ནས་ཕྱིར་གཏོང་མཁན་གྱི་བཙོག་བཟོའི་མ་རྩ་ཇེ་མཐོར་འགྲོ་ངེས་ཡིན། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བར་དུ་དོ་མཉམ་ཡོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་དུ་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་ཇུས་འགོད་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ཁྲོད་དུ་ཧུར་ཐག་སྒོས་ཞུགས་ཏེ། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞི་ཆགས་པར་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞོར་དུ་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཨེ་ལིས་ཁི་སོ་ཨར་ཧེ་མུའུ་ཡིས་ཁས་ལེན་ཐོབ། 
 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།