ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་ཨ་མེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིག་ཧི་ལ་ཐུག་འཕྲད་བྱས།

ལིག་ཧི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེ་ལ་ཉི་ཡ་རྣམ་གཉིས་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས། ཙུང་ཐུང་ཐི་ལང་ཕུའུ་ཡིས་བཀའ་དྲིན་ཆེ་ཞུས་པར་མ་ཟད། ལིག་ཧི་བརྒྱུད་དེ་ཁོ་དང་ལྕམ་མོ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་བརྩེ་བའི་འཚམས་འདྲི་ཞུས།

ལིས་ཧི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་འགོ་ཁྲིད་བྱས་འོག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དེ་དུས་སྐབས་གལ་ཆེན་དུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕན་ཚུན་ལ་བརྩི་འཇོག་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱ་བའི་འབྲེལ་བ་བཟང་བོ་དང་མི་སྒེར་བར་གྱི་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱེད་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་ལ་མུ་མཐུད་ནས་འབྲེལ་འདྲིས་དམ་པོ་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐུག་འཕྲད་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ལིག་ཧི་ཡིས་བཤད་རྒྱུར། བདག་གིས་ད་ཐེངས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གནད་དོན་ནས་ཨ་མེ་རི་ཁ་ཕྱོགས་དང་མུ་མཐུད་ནས་འབྲེལ་འདྲིས་བྱེད་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁི་ཕྱོགས་དང་མཉམ་དུ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་དཔལ་འབྱོར་ཉོ་ཚོང་གནད་དོན་འོས་འཚམ་སྒོ་སྒོས་ཐག་གཅོད་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་མུ་མཐུད་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ནང་དོན་གལ་ཆེན་དུ་འགྱུར་བ་འགན་སྲུང་བྱེད་འདོད་ཡོད་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་བབ་ཧ་ཅང་བཟང་ཞིང་ཚོང་རའི་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།