ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཝ་ཧྲིན་ཐོན་ལ་འཚམས་འདྲི་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201805151607111076702828.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི། བོད་རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་འགོ་ཁྲིད་པའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རིར་འཚམས་འདྲི་བྱེད་བཞིན་ཡོད་པ་དང་། ཚེས11ཉིན། འཐུས་མི་ཚོགས་པས་སྨྱན་སྦྱོར་ཁང་གི་བཅའ་འདྲི་གཅིག་འདུས་ཐོག་དང་ལེན་བྱས་ཏེ་ཟླ5ཚེས10ནས་ཚེས11བར་དུ་ཝ་ཧྲིན་ཐོན་དུ་འཚམས་འདྲི་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 

པད་མ་དབང་འདུས་ཀྱིས་བསྟན་དོན། འཐུས་མི་ཚོགས་པ་དང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་གསུམ་དང་སྲིད་ཞུགས་པ་གཅིག་བཅས་དང་བཞུགས་མོལ་བྱས་ཏེ། ཁོང་ཚོར་ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཐོབ་པའི་གྲུབ་འབྲས་ངོ་སྤྲད་བྱས་པ་དང་སྦྲགས། ཁོང་ཚོས་དོ་ཁུར་བྱེད་པའི་གནད་དོན་ལ་གསལ་འགྲེལ་བྱས་པ་རེད།

པད་མ་དབང་འདུས་ཀྱིས་བསྟན་དོན། སྤྱི་ཚོགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བས། ཨ་རིའི་ཕྱོགས་ཀྱི་མི་སྣས་བོད་ལྗོངས་ཀྱི་འཕེལ་རྒྱས་ཐད། སྔར་བཞིན་གོ་ནོར་ཐེབས་པ་དང་ཕྱོགས་རིས་ཀྱི་ལྟ་ཚུལ་བཅངས་བཞིན་ཡོད། འཐུས་མི་ཚོགས་པའི་ད་ཐེངས་ཀྱི་འཚམས་འདྲི་ལས། ཨ་རིའི་ཕྱོགས་ཀྱི་མི་སྣར་བོད་ལྗོངས་སུ་འཚར་སྐྱེས་བྱུང་བའི་མི་ངོ་མའི་སྐད་སྒྲ་ཐོས་ནས། ཁོང་ཚོས་བོད་ལྗོངས་ངོ་མ་ཞིག་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་ཐུབ་ཡོད། 

པད་མ་དབང་འདུས་ཀྱིས་བསྟན་དོན། ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་བཟང་པོ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་མུ་མཐུད་འབད་བརྩོན་ཆེན་པོས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་སྤེལ་རེས་བྱེད་སྒོར་རྒྱབ་སྐྱོར་བྱེད་འདོད་ཡོད།    ཤེས་རྟོགས་བྱས་པར་གཞིགས་ན། ཝ་ཧྲིན་ཐོན་དུ་འཚམས་འདྲི་ཟིན་རྗེས། འཐུས་མི་ཚོགས་པ་དང་བཅས་པས་ད་དུང་ཅིའུ་ཅིན་ཧྲན་ལ་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།