ལིས་ཀྲན་ཧྲུའུ་ཡིས་ཨེ་ཙེ་ཨོ་ཕི་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་འགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕི་ཡ་མི་དམངས་འཐུས་མིའི་གྲོས་ཁང་གི་གྲོས་དཔོན་མུའུ་ཧྥེ་ལིས་ཧ་ཐི་དང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཁི་ལེ་ཡ་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་དགུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཨེ་ཙེ་ཨོ་ཕི་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པར་མ་ཟད། ཡ་ཏི་སི་ཡ་པེ་པ་ནས་ཙུང་ཐུང་མུའུ་ལ་ཐུའུ་དང་ཙུང་ལི་ཨ་པུས་གཉིས་ལ་ཐུག་མཇལ་འཕྲད་གནང་བ་དང་མུའུ་ཧྥེ་ལིས་ཧ་ཐི་དང་ཁི་ལེ་ཡ་གཉིས་དང་གྲོས་མོལ་མཛད།

མུའུ་ལ་ཐུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། བདག་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་འཁུར་རྗེས་ཐོག་དང་པོར་ཨེ་ཙེ་ཨོ་ཕི་ཡ་ལ་འཚམས་འདྲི་བྱས་པ་དེ་ལས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་ཇེ་ཟབ་དང་མཉམ་ལས་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། མུའུ་ལ་ཐུའུ་ཡིས་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཨ་པུས་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཨེ་ཙེ་ཨོ་ཕི་ཡ་ནི་ཀྲུང་གོའི་ཨ་ཧྥེ་རི་ཁའི་གྲོགས་པོ་གཙོ་བོ་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་བྱེད་པ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་ཐ་ན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཁྲོད་དུ་དཔེ་སྟོན་གྱི་དོན་སྙིན་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཙེ་ཨོ་ཕི་ཡས་དཔལ་འབྱོར་འཕེལ་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར། ཨ་པུས་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་ལས་འཆར་གཞི་ཆེན་པོ་བཅུ་ལག་བསྟར་བྱས་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པ་དེས་ཨ་ཧྥེ་རི་ཁ་ལ་ཁེ་ཕན་ངོ་མ་བསྐྲུན། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། །

མུའུ་ཧྥེ་ལིས་ཧ་ཐི་དང་ཁི་ལིས་ཡ་གཉིས་དང་གྲོས་མོལ་མཛད་སྐབས། ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ། དངོས་གཉེར་མཉམ་ལས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ད་ལོར་ཨ་ཧྥེ་རི་ཁར་ཁ་ཕྱོགས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་སྒྲུབ་རྒྱུ་ཡིན་པས། ཨེ་ཙེ་ཨོ་ཕི་ཡས་འཐུས་མི་མངག་པར་དགའ་བསུ་ཞུ་བ་ཡིན་ཟེར། མུའུ་ཧྥེ་ལིས་ཧ་ཐི་དང་ཁི་ལིས་ཡ་གཉིས་ཀྱིས་བཤད་རྒྱུར། སྐབས་གསར་བའི་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ས་གནས། མི་གཞུང་བརྗེ་རེས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།