ཞི་ཅིན་ཕིང་གིས་ཝུན་ཁྲོན་ས་འགུལ་བརྒྱུགས་ནས་ལོ་འཁོར་བཅུ་ལོན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐམ་ས་ཆེན་པོའི་ས་འགུལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་ཚོགས་འགོ་བརྩམས་པར་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། ཝུན་ཁྲོན་ས་འགུལ་བརྒྱུགས་ནས་ལོ་འཁོར་བཅུ་ལོན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐམ་ས་ཆེན་པོའི་ས་འགུལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཝུན་ཁྲོན་ས་འགུལ་བརྒྱུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག ཝུན་ཁྲོན་ས་འགུལ་གནོད་ཁུལ་བསྐྱར་འཛུགས་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱེད་པའི་ཐད་ལ་ཕན་ནུས་ལྡན་པའི་ཉམས་མྱོང་འདོན་སྤྲོད་བྱས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིའི་རིགས་ཀྱིས་རང་བྱུང་ཆོས་ཉིད་ལ་ཤེས་རྟོགས་བྱེད་པར་རྫོགས་མཐའ་མེད་པ་དང་གནོད་སེལ་རྒུད་སྐྱོབ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་སུ་འགྲོ་བའི་འགྱུར་མེད་བསླབ་གཞི་ཡིན། ཚན་རིག་ལ་བརྟེན་ནས་གནོད་འབྱུང་ཆོས་ཉིད་རྟོགས་པར་བྱེད་པ་དང་ཕན་ནུས་ལྡན་པའི་སྒོ་ནས་གནོད་ཐེབས་ཉེན་ཁ་ཇེ་ཉུང་དུ་གཏོང་བ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས། ཀྲུང་གོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འགོག་སྲུང་གཙོ་གནད་དུ་འཛིན་པ་དང་གནོད་སེལ་རྒུད་སྐྱོབ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་གནོད་འགོག་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ལ་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་ངེས་ཡིན། འཐུས་མི་རྣམས་ཀྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ས་འགུལ་ཉེན་ཁ་མཉམ་གནས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། དེའི་ཁྲོད་དུ་ཧུར་ཐག་སྒོས་ཞུགས་པ་དང་བསམ་ཕྱོགས་གསར་བ་གཅིག་སྡུད་བྱས་ནས། གནོད་སེལ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རང་བྱུང་གནོད་འཚེ་ཉེན་ཁ་ཇེ་ཉུང་དུ་གཏོང་བ། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཚོགས་པ་གསར་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།