ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པས། ལག་ལེན་བྱེད་ཞོར་དུ་སྤྱི་སྡོམ་བྱེད་པར་མཉམ་འཇོག་བྱས་ཏེ་ཉམས་མྱོང་བཟང་བོ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་ས་གནས་ལས་ཁུངས་བཅོས་སྒྱུར་བྱེད་པར་རྩ་འཛུགས་ཞིབ་མོ་བྱེད་དགོས་ལ། ཀྲུང་དབྱང་དང་ས་གནས་ལས་ཁུངས་བཅོས་སྒྱུར་དེ་བྱ་བར་བཀོད་སྒྲིག་དང་རྩ་འཛུགས་ལག་བསྟར་ཐད་ནས་འབྲེལ་མཐུད་བྱེད་པ་དང་གོ་རིམ་ཡོད་པར་ལག་བསྟར་བྱས་ནས། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐད་ནས་རྒྱལ་ཁ་ལེན་པར་འགན་སྲུང་བྱེད་དགོས་ཟེར།
ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲིན་གཉིས་ཀ་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ས་གནས་ལས་ཁུངས་བཅོས་སྒྱུར་འབྲེལ་ཡོད་གནད་དོན་སྐོར་གྱི་མཛུབ་སྟོན་བསམ་འཆར་དང་རྒྱལ་དབང་ཁེ་ལས་མ་རྩའི་བུ་ལོན་ཚོད་འཛིན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། ཀྲུང་དབྱང་ཏང་སྲིད་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་བདག་གཉེར་རང་བཞིན་གྱི་རྒྱལ་དབང་མ་རྩའི་གཅིག་བསྡུས་གཅིག་གྱུར་ལྟ་སྐུལ་དོ་དམ་ཚོད་ལྟའི་ལག་བསྟར་བསམ་འཆར། མཐོ་རིམ་སློབ་གྲྭའི་ཁོངས་སུ་གཏོགས་པའི་ཁེ་ལས་སྒྲིག་སྲོལ་བཅོས་སྒྱུར་གྱི་མཛུབ་སྟོན་བསམ་འཆར། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་ཐེབས་རྩའི་ཀྲུང་དབྱང་གི་ལམ་ལུགས་སྙོམས་སྒྲིག ཇུས་གཞི། ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དོ་དམ་གཏན་འཁེལ། འཚོ་བར་ཁག་ཐེག་བྱེད་ཐབས་མེད་པའི་འཁྱམ་པོ་དང་སློང་མོ་བའི་རྒུད་སྐྱོབ་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་འབྲེལ་ཡོད་བཅོས་སྒྱུར་ལས་འགན་ལས་བགོས་ལེགས་སྒྲིག་སྐོར་གྱི་ཡར་ཞུ། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་གྱི་ལག་བསྟར་འཆར་འགོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་གྱི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།
ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །