ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ཞི་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ཞི་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཀྲུང་གོའི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བསམ་བློའི་མཛུབ་སྟོན་ཡིན་ལ། ང་ཚོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱས་ཏེ་ཡིད་རྟོན་བཞི་སྲ་བརྟན་དུ་གཏོང་བ་དང་། རིག་པ་གསལ་བོ་དང་ལུས་སེམས་ལྷོད་ལ་བབས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན། མིའི་རིགས་ལས་དབང་ཐུན་མོང་ཚོགས་པ་དུས་རབས་གསར་བའི་རླབས་རྒྱུན་དང་མཐུན་པར་བྱེད་རྒྱུ་དང་། ཕ་ཁི་སི་ཐན་ནི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོ་ཡིན་པས། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་བར་གྱི་འབྲེལ་བ་མིའི་རིགས་ལས་དབང་ཚོགས་པ་འཛུགས་སྐྲུན་བྱེད་པའི་སྔོན་གྲས་སུ་ཚུད་ན་འགྲིག ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕ་ཁི་སི་ཐན་ནི་ཉེ་འཁོར་ཕྱི་འབྲེལ་གྱི་ཕྱོགས་སྟོན་དུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཨ་ཞི་ཧྥུའུ་ཡིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ཀྱི་སྣེ་ཁྲིད་འོག་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་སྤྲོ་བ་ཆེན་པོ་རྒྱས་ཡོད། རེ་བ་ནི་མུ་མཐུད་དུ་ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྲ་བརྟན་དུ་གཏོང་རྒྱུ་མ་ཟད། ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།