ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་སོ་སོར་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་ཀྱི་གྲོས་དཔོན་དང་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་གཞོན་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e57f6a98bc59c47741781f7dcf6fad12.jpg

ཟླ4བའི་ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་ཀྱི་གྲོས་དཔོན་ཞི་མུས་ནཱ་ལ་མཇལ་འཕྲད་གནང་།

972e13611c16c3ca0131869dcfcfe68a.jpg

ཟླ4བའི་ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་གཞོན་པ་དབྱི་ཞི་མུའུ་པ་དབྱེ་ཝ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས23ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་མུས་ཁི་ལའོ་ཉི་ཞི་ཡ་མནའ་མཐུན་རྒྱལ་ཚོགས་ཀྱི་གྲོས་དཔོན་ཞི་མུས་ནཱ་དང་ཧ་ས་ཁི་ཐན་གྲོས་ཁང་ཞོལ་མའི་གྲོས་དཔོན་གཞོན་པ་དབྱི་ཞི་མུའུ་པ་དབྱེ་ཝ་གཉིས་ལ་མཇལ་འཕྲད་གནང་། ཞི་མུས་ནཱ་ལ་མཇལ་འཕྲད་གནང་སྐབས་ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མུས་ཁི་ལའོ་ཉི་ཞི་ཡ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡིན་ཡང་རྒྱལ་ཁབ་ཀྱི་ཆེ་ཆུང་དང་བཙན་གཉོམ། དབུལ་ཕྱུག་བཅས་ལ་མི་ལྟ་བར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་ཡིན་པར་འདྲ་མཉམ་གྱི་ལྟ་ཚུལ་བཅངས་ཡོད་པས། ཆེན་པོས་ཆུང་བར་ཐུབ་ཚོད་དང་ཕྱུག་པོས་དབུལ་བོར་གཉའ་གནོན་བྱེད་མི་ཆོག ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་གྲོས་མགོ་བཏོན་ནས་ལོ་འཁོར་ལྔ་ལོན་པའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཕན་ཚུན་ལ་བརྩི་བཀུར་དང་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ལྟ་ཚུལ་གལ་ཆེན་ལག་བསྟར་དངོས་འབེབ་བྱས་ཏེ། དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་དང་བཅས་པའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

ཞི་མུས་ནཱ་ཡིས་བསྟན་དོན། མུས་ཁི་ལའོ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་བརྩི་བསྲུང་བྱས་ནས་རྒྱུད་གཅིག་ལམ་གཅིག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

དབྱི་ཞི་མུའུ་པ་དབྱེ་ཝ་ལ་མཇལ་འཕྲད་གནང་སྐབས་ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་གྲོས་མགོ་བཏོན་ནས་ལོ་འཁོར་ལྔ་ལོན་པའི་ལོ་ཡིན། ཧ་སག་སི་ཐན་ནི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་ཀྲུང་གོ་ནས་ནུབ་ཕྱོགས་སུ་བསྐྱོད་པའི་ས་ཚིགས་དང་པོ་དང་། ཀྲུང་གོ་ཕྱོགས་ཀྱིས་འགྲམ་རྒྱུད་རྒྱལ་ཁབ་དང་མཉམ་དུ་ཐོན་ནུས་མཉམ་ལས་བྱེད་པའི་ཁ་གཏད་རྒྱལ་ཁབ་དང་པོ་ཡིན་པར་མ་ཟད། འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཁྲོད་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པའི་རྒྱལ་ཁབ་དང་པོའང་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལག་བསྟར་དངོས་འབེབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ཐད་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

དབྱི་ཞི་མུའུ་པ་དབྱེ་ཝ་ཡིས་བཤད་རྒྱུར། ཧ་སག་སི་ཐན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།