ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་དང་གྲོས་མོལ་མཛད།

    སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ4པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་ཧུའུ་རི་ལེ་སུའུ་ཧི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་དང་གྲོས་མོལ་མཛད། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་གཉིས་ནི་ཕན་ཚུན་གྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་ལ་གྲོགས་པོ་དང་སྤུན་ཟླ་བཟང་པོ་ཡིན། ཉིས་སྟོང་བཅུ་བཞི་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་མོལ་གོལ་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་རེད། ཀྲུང་གོས་མོང་གོལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། མོང་གོལ་དང་མཉམ་དུ་དུས་རྟག་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་པོར་དམིགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་ཁ་ཕྱོགས་དམ་དུ་འཛིན་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་སེམས་ཁུར་གལ་ཆེན་ལ་དངོས་སུ་བརྩི་བཀུར་བྱེད་པ། མཐོ་རིམ་འགྲོ་འོང་གི་གནས་བབ་སྲུང་འཛིན་བྱེད་པ། སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་སོགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ལ་ཕན་པར་མ་ཟད། ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་ཡང་ཕན་པར་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་མོལ་གོལ་གཉི་ག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པའི་ལས་འགན་ལྕི་མོར་འཕྲད་ཡོད། ཀྲུང་གོས་མོང་གོལ་དང་མཉམ་དུ་རྒྱལ་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་མྱུར་དུ་འཛུགས་པ་དང་། ཐོན་ནུས་དང་དངུལ་གཏོང་། ཞིང་ཕྱུགས་ལས་སྣོན་ཞིབ་ཚགས། ནུས་ཁུངས་གཏེར་ཁ། འགྲིམ་འགྲུལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། ཁང་རྙིང་ཁུལ་བསྒྱུར་བཀོད་དང་འབག་བཙོག་བཅོས་སྐྱོང་། གྲོང་ཁྱེར་དང་འགག་སྒོའི་རྨང་གཞིའི་སྒྲིག་ཆས་སོགས་དམངས་ཚིས་མཉམ་ལས་ལས་གཞི་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་མོང་གོལ་བར་དུ་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་རེད། ཀྲུང་གོས་མོང་གོལ་དང་མཉམ་དུ་གོ་སྐབས་དམ་འཛིན་གྱིས་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཧུའུ་རི་ལེ་སུའུ་ཧི་ཡིས་བསྟན་དོན། ཀྲུང་གོའི་བར་གྱི་ཁྱིམ་མཛེས་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་གཏོང་བ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་བྱེད་ཕྱོགས་གལ་ཆེན་ཡིན་པས། མོང་གོལ་གྱི་སྲིད་གཞུང་གསར་པས་མུ་མཐུད་དུ་སྲིད་ཇུས་འདི་ལག་བསྟར་བྱས་ཏེ། མོང་གོལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན། མོང་གོལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཐེ་ཝན་དང་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། བོད་འབྲེལ་དང་ཐེ་འབྲེལ་གྱི་དོན་དག་ཚང་མ་ཀྲུང་གོའི་ནང་ཁུལ་གྱོ་དོན་དག་ཡིན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྲིད་ཇུས་འདི་ལ་འགྱུར་བ་གཏན་ནས་མེད་ཟེར། མོང་གོལ་གྱིས་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། མཐོ་རིམ་བར་གྱི་འཚམས་འདྲི་སྲུང་འཛིན་བྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། ཉོ་ཚོང་དང་ཡུལ་སྐོར། ཐོན་ནུས། གཏེར་ཁ། ཞིང་ཕྱུགས་ལས། སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ཏེ། མོང་གོལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྤུས་ཚད་དང་རིམ་པ་མཐོ་རུ་འདེགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་ཧུའུ་རི་ལེ་སུའུ་ཧི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་རིག་གནས། ཐོན་ནུས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།