ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1122651200_15231897675961n.jpg

ཟླ་བཞི་བའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཀུའུ་ཐི་ལེ་སི་ཀྲུང་གོར་འཚམས་འདྲི་དང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས།

 ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ཀྱི་ཐད་ནས་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་དང་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད། རྒྱལ་སྤྱིའི་སྟེང་གི་གནད་དོན་སྣ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་དང་དེ་དག་མདོར་བསྡུས་ན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་འབྲེལ་ཡོད། ང་ཚོས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་འཐུས་ཚང་དུ་བཏང་ནས་འགྲན་རྩོད་འདིར་ཁ་གཏད་བཟང་བོ་འཇལ་དགོས། ཀྲུང་གོས་ད་ལྟ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་བཞིན་ཡོད་ལ། ཕྱོགས་འདི་ལྔ་བོ་ཡང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཡིན། ང་ཚོས་དམིགས་བཞིན་པའི་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་ལ། འཇལ་བཞིན་པའི་ཚད་གཞི་ནི་མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་ནུས་པ་འདོན་སྤེལ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གོ་གནས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་རྩ་བའི་སྲིད་ཇུས་ཡིན། ང་ཚོས་རྒྱལ་ཁབ་ཆེ་ཆུང་གང་ཡིན་ཡང་འདྲ་མཉམ་ཡིན་པའི་འདོད་བློ་བཅངས་ཡོད་ལ། དེ་དང་མཉམ་དུ་རྒྱལ་ཁབ་ཆེན་པོ་དག་གིས་རང་ཉིད་ཀྱིས་ཁུར་འོས་པའི་འགན་འཁྲི་འཁུར་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་མཁན་དང་འཛམ་གླིང་འཕེལ་རྒྱས་ལ་བྱས་རྗེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་ཡང་བསྐྱར་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས་པ་དང་། དེ་ནི་ཀྲུང་གོར་མཚོན་ན་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད་ཅེས་བསྟོད་བསྔགས་མཛད། ཀུའུ་ཐི་ལེ་སི་ཡིས་བསྟན་དོན། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་བྱེད་པའི་སྐབས་འདིར་ཀྲུང་གོར་འཚམས་འདྲི་དང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོས་མ་འོངས་པའི་ལོ་བཅུ་ཕྲག་གི་ནང་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།