ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སིང་ཀ་ཕོང་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同新加坡总理李显龙举行会谈.jpg

ཟླ4བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་བྱ་བའི་འཚམས་འདྲིར་ཡོང་བའི་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས8ཉིན་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བར་མ་ཟད། རྨང་གཞིའི་སྒྲིག་ཆས་དང་མཉམ་འདྲེས་མཉམ་འབྲེལ། དངུལ་ལོར་བཅས་ལས་གཞི་གལ་ཆེན་དང་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་རྒྱ་བསྐྱེད་པ། འགོག་སྲུང་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་བ། སློབ་གསོ་དང་སྨྱན་བྱད། རིག་མཛོད་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་སྐྲུན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ལོ་ལྔ་བཅུ་གཉིས་པ་མགོ་ཚུགས་པའི་ལོ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་ལོ་བཅོ་ལྔ་འགོར་བའི་ལོ་ཡང་ཡིན། མ་འོངས་པར་ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་དེ། བློ་བརྟན་འགྱུར་མེད་སྒོས་འཛམ་གླིང་གི་རང་དབང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་པ་དང་། རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་ལ་ཁེ་ཕན་བསྐྲུན་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དང་མཉམ་དུ་ཁེ་ཕན་ཐུན་མོང་ཚོགས་པ་དང་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

ལིས་ཞན་ལུང་གིས་བཤད་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། སིང་ཀ་ཕོར་ཕྱོགས་ཀྱིས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། སིང་ཀ་ཕོར་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཁྱབ་ཁོངས་སོ་སོ་ནས་འཕེལ་རྒྱས་གསར་བ་འབྱུང་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གསུམ་པའི་མཉམ་ལས་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་མཉམ་དུ་བདེན་དཔང་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།