ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། མཁྲེགས་གཏོར་བྱ་བ་ཆེན་པོ་གསུམ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཇུས་གཞི་ལ་ཞིབ་འཇུག་དང་གཏན་འཁེལ་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་དངུལ་ལོར་ཉེན་ཁ་སྔོན་འགོག་དང་མེད་པར་གཏོང་བ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པར་མ་ཟད། ཆུ་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངེས་པར་དུ་ཚད་བརྒལ་བྱེད་པའི་འགག་སྒོ་གལ་ཆེན་ཞིག་ཀྱང་ཡིན། གནད་ཕིགས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པས། དབུལ་ཐར་མཁྲེགས་གཏོར་བྱ་བར་ངེས་པར་དུ་རྒྱལ་ཁ་ལེན་དགོས། ཁོར་ཡུག་གནད་དོན་ནི་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་མི་དམངས་ཀྱི་ཁས་ལེན་ཐོབ་མིན་གྱི་གནད་འགག་གི་ཕྱོགས་ཡིན་པས། ངེས་པར་དུ་ཁོར་ཡུག་མཁྲེགས་གཏོར་བྱ་བ་ལས་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ནས་ཀྲུང་གོ་མི་དམངས་དངུལ་ཁང་གི་ཉེན་ཁ་གལ་ཆེན་སྔོན་འགོག་བྱེད་པ་དང་གཙང་སེལ་བྱེད་པའི་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གྱི་ཡར་ཞུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་གི་གནད་ཕིགས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གྱི་ཡར་ཞུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གྱི་ཡར་ཞུ་བཅས་ལ་སོ་སོར་ཉན།

ཚོགས་ཐོག་ནས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་བྱ་བ་གལ་ཆེན་བཟང་བོར་སྒྲུབ་པའི་མཐོ་རིམ་ཇུས་འགོད་དང་སྤྱིའི་བཀོད་སྒྲིག གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པ། ལྟ་སྐུལ་དངོས་འབེབ་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པ་ནན་གྱིས་བསྟན།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་དུ་ཞུགས།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།