ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། དེ་ལས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད་པས། བཅོས་སྒྱུར་གྱིས་གཏིང་ཟབ་པའི་ཁེ་ཕན་གྱི་རྣམ་པ་ལེགས་སྒྲིག་དང་ལམ་ལུགས་མ་ལག་ལ་ཕོག་ཐུག་གཏོང་བའི་བསྒྱུར་བཅོས་བྱེད་སྲིད་ངེས་ཡིན་ལ། བཅོས་སྒྱུར་གྱི་རྙོག་འཛིང་རང་བཞིན་དང་ཚོར་སྣང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་སྔར་ལས་འབུར་ཐོན་དུ་གྱུར་ཡོད། ཏང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་གཅིག་གྱུར་འཆར་འགོད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱས་ཏེ། སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྦྲེལ་ནས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་དང་། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚན་ཆུང་གི་བྱ་བའི་སྲོལ་ཡིག ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བའི་སྲོལ་ཡིག་ཞིབ་ཕྲ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་གནས་ཚུལ་སྐོར་གྱི་ཡར་ཞུ་དང་། སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བྱ་བའི་སྤྱི་བསྡོམས་དང་གོ་རིམ་རྗེས་མའི་བྱ་བའི་བསམ་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་དེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར་བ་ནི་ཏང་གི་བྱ་བ་གལ་ཆེན་གྱི་འགོ་ཁྲིད་སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཚན་རིག་གི་འགོ་ཁྲིད་དང་ཇུས་ཆོད་འཐུས་ཚང་དུ་གཏོང་བ་དང་། སྒྲིག་གཞི་དང་ལམ་ལུགས་ནུས་ཡོད་སྒོས་དོ་དམ་དང་ལག་བསྟར་བྱེད་པ། འཐབ་ཇུས་ཞིབ་འཇུག་དང་། གཅིག་གྱུར་འཆར་འགོད། ཕྱོགས་བསྡུས་གཞོགས་འདེགས། སྤྱིའི་ཡར་སྐུལ་བཅས་ལ་ཤུགས་བསྣན་ཏེ། ས་གནས་དང་ལས་ཁུངས་ཀྱི་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུའི་བཅོས་སྒྱུར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྩ་འཛུགས་དང་མཐུན་སྦྱོར་གྱི་ནུས་པ་ཇེ་ཆེར་བཏང་སྟེ། ཏང་ཀྲུང་དབྱང་གི་བཅོས་སྒྱུར་ཇུས་ཆོད་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སུ་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་གནས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་དུ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།