ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཡུན་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཡུན་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་ནན་མོ་བཅས་བྱས་ཏེ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་བཅས་ཀྱིས་གནང་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རུལ་སུངས་ལ་འཐབ་རྩོད་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་ཀུན་སྤྱོད་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། སྤྱིའི་དབང་ཤུགས་ལག་བསྟར་བྱེད་པའི་སྤྱི་འགན་མི་སྣ་ཡོད་ཚད་ལ་ལྟ་ཞིབ་ཁྱབ་པར་བྱེད་པའི་བྱ་བ་ཏན་ཏིག་གིས་སྤེལ་དགོས་ཞེས་ནན་གྱིས་བསྟན། 

ཀྲའོ་ལི་ཅི་མིན་ཧེ་རྫོང་སན་མད་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དུ་ཕེབས་ནས་འཚམས་འདྲི་མཛད་པ་དང་། ཁོ་ཚོའི་ཁྱིམ་ཚང་གི་ཡོང་སྒོ་དང་ཁང་རྙིང་སྒྱུར་བཀོད། བུ་ཕྲུག་གི་ལས་ཞུགས། སྨན་བཅོས་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་གཞུང་སྒེར་གྱི་དབྱེ་བ་གསལ་པོར་འབྱེད་པ་དང་། སྤྱོད་གཙང་སྒོས་ལས་དོན་གཉེར་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་བཟང་པོར་སྒྲུབ་སྟེ། དབུལ་ཕོངས་མང་ཚོགས་ལ་སྔ་མོ་ནས་འཚོ་བ་བཟང་པོ་རོལ་ཏུ་འཇུག་དགོས་པའི་རེ་བ་བཏོན།

ཡུན་ནན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ནས། ཀྲའོ་ལི་ཅི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་གཞུང་དོན་བསྒྲུབས་རྗེས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་མཛད་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་སྒྲོག་སྤེལ་ལག་བསྟར་བྱས་པ་དེས་དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད་པས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་རྩ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་དང་དེ་ཐག་གཅོད་ནན་མོ་བྱེད་པ། རང་རྟོགས་ཀྱིས་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་ཐབས་བཀོལ་ནས་བྱ་བ་སྒྲུབ་པ་བཅས་བྱས་ཏེ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ནས་གོང་འཕེལ་ཆེན་པོ་འབྱུང་བར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་རུལ་སུངས་ངོ་རྒོལ་བྱ་བའི་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ལྟ་སྐུལ་སྒྲིག་འཛིན་འགན་འདྲི་དང་ལྟ་སྐུལ་ཞིབ་བཤེར་ཆད་གཅོད་ཀྱི་འགན་འཁྲི་གཉིས་གཞི་གཅིག་ཏུ་ལག་བསྟར་བྱས་ཏེ། ཏང་གིས་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་ཤུགས་ལྡན་ཞིང་ཕན་འབྲས་མཐོ་བའི་ལྟ་སྐུལ་མ་ལག་ཅིག་འཛུགས་དགོས། ལྟ་ཞིབ་འགན་ནུས་གཞི་རིམ་དང་གྲོང་སྡེ་རུ་སྲིང་བའི་ནུས་ལྡན་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཏང་ཡོན་ཡོངས་དང་སྤྱི་འགན་མི་སྣ་ཚང་མ་ལྟ་སྐུལ་ནན་མོའི་འོག་ཏུ་ཚུད་པར་བྱེད་དགོས། རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྒྲིག་འཛིན་ཁྲིམས་འགལ་དང་ཁྲིམས་འཛིན་ཁྲིམས་འགལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྩད་གཅོད་ཆད་གཅོད་བྱས་ཏེ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་གཞུང་དྲང་སྲུང་དམག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།