ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད།

(2018ལོའི་ཟླ3པའི་ཚེས20ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་ འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)    

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་གནང་བ་དང་། ཚོགས་འདུས་འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་གསར་སྒྱུར་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད་ལ་སྙན་སྒྲོན་ནང་བཏོན་པའི2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། སྲིད་གཞུང་གི་ལས་དོན་ལ་བཏོན་པའི་གྲོས་འགོ་བཅས་ལ་མོས་མཐུན་ཡང་བྱས་ནས་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་གཙོ་བོར་བྱེད་པ་མཐའ་འཁྱོངས། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་མ་གཏོང་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་སྤེལ་གཏོང་བ། སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་མ་གཏོང་བ། ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བ། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་འགག་སྒྲོལ་གྱི་དམག་འཐབ་ཆེ་གྲས་གསུམ་ཡག་པོ་རྒྱག་པའི་ཐད་གྲུབ་འབྲས་ཡག་པོ་ཐོབ་པར་བྱེད་པ། སྔོན་དཔག་ལ་ཁྲིད་སྟོན་དང་བརྟན་པོ་ཡོང་བར་བྱེད་པ། དམངས་འཚོར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་ཀྱི་ལས་ཀ་བྱེད་པ་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་དང་། རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་ཞེས་འབོད་སྐྱལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།