ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ཚེས་བཅུ་གསུམ་ཉིན་ཚོགས་ཆེན་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བར་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་འཛུགས་རྒྱུའི་ཐག་བཅད།

ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་བོ་ནི་མི་རིགས་ཨུ་ཡོན་ལྷན་ཁང་དང་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་རེད། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་ནི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ་འགའ། ཨུ་ཡོན་འགའ་བཅས་ཀྱིས་གྲུབ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་གྱི་གཏན་འབེབས་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་གྱི་སྐབས་སུ་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་དགོས་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་གྱི་སྐབས་སུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་གཞི་ལ་ཞིབ་བཤེར་དང་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལ་ཞིབ་བཤེར་བྱེད་དགོས། དེར་བརྟེན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཚེས་བཅུ་གསུམ་ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོ་ལ་སོ་སོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཆེན་གྱི་གྲོས་རིམ་ལྟར། ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་བསྡུ་རྒྱུའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་ད་རུང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོའི་འཆར་ཟིན་ལ་སོ་སོར་བརྡས་ཐག་བཅད་དེ་གྲོས་འཆམ་འབྱུང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།