ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་དམངས་སྲིད་དང་དབང་བོ་སྐྱོན་ཅན་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་དམངས་སྲིད་དང་དབང་བོ་སྐྱོན་ཅན་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཁོས་ནན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་དམངས་གཙོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ལྡན་བྱེད་ཐབས་སྔར་ལས་བེད་སྤྱད་དེ། དབུལ་ཕོངས་མང་ཚོགས་ཀྱི་དམངས་ཚིས་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ་དང་། ཁོ་ཚོས་བདེ་སྐྱིད་ཀྱི་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཟེར།

ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། ཝང་ཡུང་དབྱིན་ཁྲོན་གྲོང་ཁྱེར་དང་ཧྲི་ཙོས་ཧྲན་གྲོང་ཁྱེར། ཝུའུ་ཀྲུང་གྲོང་ཁྱེར་བཅས་ཀྱི་རྫོང་དང་ས་ཁུལ་དང་། ཞང་གྲོང་། སྡོད་ཁུལ་ཁ་ཤས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་དང་། རྒན་གསོ་ཁང་། དབང་བོ་སྐྱོན་ཅན་གྱི་ལུས་གསོ་སློབ་གསོའི་ལྟེ་གནས། ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། དམག་དཔུང་གི་ལས་བྲལ་ལས་འཁྱུར་བྱས་པའི་ལས་བྱེད་པའི་ངལ་གསོ་ཁང་སོགས་སུ་སོང་སྟེ། མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་སྣ་དང་། དབང་བོ་སྐྱོན་ཅན། འཐབ་མོ་བ་རྒན་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། སྤྱི་ཚོགས་རྒུད་སྐྱོབ་དང་སྤྱི་ཚོགས་ཕན་བདེ། དབང་བོ་སྐྱོན་ཅན་གྱི་སློབ་གསོ་དང་ལས་ཞུགས། ལུས་གསོ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་རྗེས། ཝང་ཡུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། དམངས་སྲིད་དང་དབང་བོ་སྐྱོན་ཅན་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་བཀོད་སྒྲིག་གསར་བ་བྱས་ནས། ཚད་མཐར་འགན་སྲུང་དང་བཀོད་སྒྲིག་བཟང་བོ། སྒྲིག་གཞི་འཛུགས་པ་བཅས་ཀྱི་རེ་བ་ལྟར། དབུལ་ཕོངས་ཚོགས་ཁག་གི་རོགས་སྐྱོར་བྱ་བར་གཙིགས་འཛིན་བྱས་ནས། ཁོ་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཝང་ཡུང་གིས་ནན་གྱིས་བསྟན་དོན། དབུལ་ཕོངས་མང་ཚོགས་དང་དབང་བོ་སྐྱོན་ཅན་མང་ཚོགས། གཟིགས་སྐྱོང་བྱེད་ཡུལ་བཅས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་པ་ནི་རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་གཙོ་བོ་ཡིན། ས་གནས་སོ་སོའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་བྱ་བའི་མཐུན་སྦྱོར་ལས་ཁུངས་ཀྱི་ནུས་པ་དངོས་སུ་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ། ལམ་ལུགས་ལེགས་སྒྲིག་བྱས་ནས། གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་པར་མ་ཟད། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྤྱི་ཚོགས་རྒུད་སྐྱོབ་དང་སྤྱི་ཚོགས་ཕན་བདེ། གཟིགས་སྐྱོང་བཀོད་སྒྲིག་བཅས་ཐད་ཀྱི་སྲིད་ཇུས་སྣ་ཚོགས་ཇི་མ་ཇི་བཞིན་དུ་ལག་བསྟར་བཟང་བོ་བྱས་ནས། འགན་སྲུང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།