ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平.jpg

ཟླ་དང་པོའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་ཙུང་ཐུང་མཱ་ཁི་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད། 

习近平1.jpg

ཟླ་དང་པོའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་ཙུང་ཐུང་མཱ་ཁི་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཁྱོངས་བྱས་ནས། སྔར་ལས་བཟང་བའི་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་སྒོས་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཙུང་ཐུང་མཱ་ཁི་ལུང་ནི2018ལོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་འགོ་གཙོ་ཐོག་མ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་འགོ་གཙོ་ཐོག་མའང་ཡིན། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་ནང་དོན་ལྡན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་བཏང་སྟེ། སྔར་ལས་བརྟན་འཇགས་དང་གསོན་ཤུགས་ལྡན་པར་གྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འགོ་ཚུགས་ས་གསར་བ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། དུས་སྐབས་གསར་བར་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་སྔར་ལས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ན། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་བརྗེ་རེས་དམ་པོ་བྱེད་དགོས་ལ། འགོ་གཙོའི་ཕྱི་འབྲེལ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་འདོན་པའི་ཆབ་སྲིད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། དམག་དཔུང་བཅས་ལས་ཁུངས་སོ་སོ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ལམ་ལུགས་སྣ་ཚོགས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་ཕན་ཚུན་གྱིས་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ལ་དངོས་སུ་ལྟ་རྟོག་བྱེད་པ་དང་། འགལ་བ་ཐག་གཅོད་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་དུ་ཡང་དག་པའི་བགྲོད་ལམ་སྟེང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འབྲེལ་བར་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ལ་ཕྱོགས་མང་ལས་དོན་མང་པོའི་ཐད་ལྟ་ཚུལ་གཅིག་འདྲ་ཡོད་པ་དང་། མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་རྒྱུན་འཁྱོངས་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་ཡོངས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་སོགས་གནད་དོན་གལ་ཆེན་ཐད་ནས་མཉམ་ལས་དམ་པོ་སྤེལ་བཞིན་ཡོད། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཕྱོགས་གཉིས་ཀྱིས་མཐོ་རིམ་དང་ཁྱབ་ཁོངས་སོ་སོའི་སྔར་ལས་བཟང་བའི་གྲོས་མོལ་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་འདྲིས་དང་མཁའ་སྐྱོད་མཁའ་འགྲུལ། ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་གཙིགས་འཛིན་བྱས་ནས། སློབ་གསོ་དང་རིག་གནས་བརྗེ་རེས་ཇེ་དམ་དུ་བཏང་སྟེ། ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་བ་མཉམ་དུ་གསར་གཏོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཁེ་ལས་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་སོ་སོར་ཞུ་ཚིག་ཕུལ།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་བཟོད་སྒོམ་བརྗེད་ཐོ་དང་། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་སྐྲུན། ཉིང་རྡུལ་ནུས་པ། ཤེས་ལྡན་མི་སྣ་བརྗེ་རེས། ཁོར་ཡུག་སྲུང་སྐྱོབ། དངུལ་ལོར། འཕྲོད་བསྟེན། ཞིང་ལས། རྒན་གསོ། རིག་གནས་སློབ་གསོ། ཚོང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་ཙུང་ཐུང་མཱ་ཁི་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།