ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཞི་བཟང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་ལིས་ཁི་ཆང་གིས་དེ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཞི་བཟང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། བཞི་བཟང་ཞིང་སྡེའི་ལམ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ། ཞིང་སྡེ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་ལ་ཁེ་ཕན་ངོ་མ་བསྐྲུན་པར་མ་ཟད་ཏང་གིས་གཞི་རིམ་དུ་དམངས་སེམས་མཚོན་པར་བྱས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་ལས་ཁུངས་དང་ས་གནས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཞང་སྡེ་དར་སྤེལ་ཐབས་ཇུས་དང་དབུལ་ཐར་མཁྲེགས་གཏོར་ཐབས་ཇུས་ལག་བསྟར་བྱེད་པའི་མཐོ་ཚད་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་གྱི་འདུ་ཤེས་སྔར་ལས་ཇེ་ཆེར་གཏོང་དགོས་པ་དང་། འབུར་ཐོན་གནད་དོན་གཅིག་སྡུད་དང་སྲིད་ཇུས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བཟང་བོ་བྱེད་དགོས་པར་མ་ཟད་དེ་ལ་དོ་དམ་དང་བདག་སྐྱོང་། བདག་གཉེར་བཟང་བོ་བྱས་ནས། རྒྱ་ཆེའི་ཞིང་བ་མང་ཚོགས་ཕྱུག་སྒྱུར་འབྱོར་འབྲིང་དུ་སྐྱོད་པ་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ལ་སྔར་ལས་བཟང་བོའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། ས་གནས་ཀྱི་ཉམས་མྱོང་ནན་ཏན་སྒོས་སྤྱི་སྡོམ་བྱེད་པ་དང་སྲིད་ཇུས་དང་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། ས་གནས་དང་གཞི་རིམ། ཞིང་བ་མང་ཚོགས་བཅས་ཀྱི་བརྩོན་སེམས་སྐུལ་བར་ཡིད་འཇོག་བྱེད་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ། བདག་སྐྱོང་། བདག་གཉེར་བཅས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཞང་སྡེ་དར་སྤེལ་ཐབས་ཇུས་ལག་བསྟར་བྱེད་པ་དང་ཞིང་བ་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ལ་སྟོབས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་པའི་ཐུགས་རེ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།