ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བརྗེ་རེས་ཚོགས་འདུ་ཀོས་ཡང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དང་ས་གནས་སྲིད་གྲོས་གྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བརྗེ་རེས་ཚོགས་འདུ་ཚེས་བཅུ་དྲུག་ཉིན་ཀོས་ཡང་གྲོང་ཁྱེར་ནས་བསྡུས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པིའོ་ཡིས་བརྗེ་རེས་ཚོགས་འདུའི་སྟེང་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་ནི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱི་དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་བྱས་ནས། ཏང་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་བྱ་བའི་སྐོར་གྱི་བྱེད་ཕྱོགས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཤེས་པ་ལྟར་ན། ལོ་ལྔའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་བཅོས་སྒྱུར་དང་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་མི་རིགས་དང་ཆོས་ལུགས་ཕྱོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། སྔ་གཞུག་ཏུ་ཆེད་དོན་རྟོག་དཔྱོད་ཞིབ་འཇུག་ཐེངས་སོ་བདུན་རྩ་འཛུགས་བྱས་པ་དང་། ལས་རིགས་ཁག་གི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་གཉིས་བསྡུས་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་རེ་འདུན་ཡར་ཞུ་བྱེད་པའི་རྩོམ་ཡིག་བརྒྱ་དང་དོན་ལྔ་བྲིས་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་ལྟར་ཇུས་ཆོད་འགོད་པར་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།