ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་བཙུགས་པར་ལོ་འཁོར་བརྒྱད་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་འཕྲིན་ཡིག་བསྐུར་ཏེ་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་བྱ་བའི་མཐུན་ཚོགས་བཙུགས་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱི་ཕྱོགས་གསར་འགྱུར་བརྗེ་རེས་རྒྱ་བསྐྱེད་པ། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཏང་གི་འདོད་བློ་ཧུར་ཐག་སྒོས་དྲིལ་སྒྲོག་བྱེད་པ། མང་ཚོགས་ཀྱི་རེ་འབོད་ཡར་ཞུ་བྱེད་པ་བཅས་བྱས་ནས། ང་ཚོ་ཏང་གིས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་འཛུགས་སྐྲུན་། བཅོས་སྒྱུར་བཅས་ཐད་ནས་རྒྱུན་ཆད་མེད་པར་རླབས་ཆེན་རྒྱལ་ཁ་ལེན་པར་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱས་པ་དང་། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་སྐྲུན་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། དུས་རབས་གསར་བར་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་འགན་འཁྲི་དམ་པོར་བཅངས་ཏེ། བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་གསར་གཏོད་གསར་སྐྲུན་བྱས་ནས། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན་ལ། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཡིད་ཆེས་བཞི་ཇེ་དྲག་ཏུ་བཏང་སྟེ། མི་དམངས་སེམས་ལ་བཅངས་པ་དང་རླབས་ཆེན་ལོ་རྒྱུས་དྲིལ་སྒྲོག་བྱེད་པ། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་པ། མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བའང་བཏོན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།