ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཐེངས་བརྒྱད་པའི་བྱང་སྣེ་ཚན་རིག་རྟོག་ཞིབ་རུ་ཁག་རྒྱལ་ཁའི་ངང་ཕྱིར་ལོག་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཐེངས་བརྒྱད་པའི་བྱང་སྣེ་ཚན་རིག་རྟོག་ཞིབ་རུ་ཁག་(གཤམ་དུ་རྟོག་ཞིབ་རུ་ཁག་ཅེས་བསྡུ་རྒྱུ)གིས་རྙོག་འཛིང་ཆེ་བའི་འཁྱགས་པ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་རྟོག་ཞིབ་ལས་འགན་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་ནས་ཟླ10ཚེས10ཉིན་བདེ་བླག་ངང་ཧྲང་ཧའེ་རུ་ཕྱིར་ལོག་པ་རེད།

རྟོག་ཞིབ་རུ་ཁག་དེ་རུ་མི96ལས་གྲུབ་པ་དང2017ལོའི་ཟླ7ཚེས20ཉིན“གངས་འབྲུག”རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་བསྡད་དེ་ཧྲང་ཧའེ་ནས་རྡོག་ཐོན་བྱས་ཏེ་དུས་ཡུན་ཉིན83རིང་སྤྱིའི་ལམ་ཐག་མཚོ་ལེ་ཁྲི་2ལྷག་ཙམ་བསྐྱོད་པ་དེའི་ནང་འཁྱགས་རོམ་ཁུལ་དུ་མཚོ་ལེ1995བསྐྱོད་པ་རེད། རྟོག་ཞིབ་རུ་ཁག་གིས་སྔ་རྗེས་སུ་པའེ་ལིང་རྒྱ་མཚོ་དང་། ཁྲུའུ་ཁོ་ཆི་རྒྱ་མཚོ། ཁ་ན་ཏའི་མཚོ་འོག་གཤོང་ས། ཡོ་རོབ་བྱང་མའི་རྒྱ་མཚོ་སོཌ་མཚོ་ཁོངས་སུ་བྱང་སྣེའི་མཚོ་ཐོག་འགྲུལ་ལམ་ཕྱོགས་བསྡུས་བརྟག་དཔྱད་དང་། རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན། རྒྱ་མཚོའི་ཆུ་དཔྱད། རྒྱ་མཚོའི་རྫས་འགྱུར། རྒྱ་མཚོའི་ས་གཤིས། རྒྱ་མཚོའི་འགྱིག་ཤོག་ཆུང་ངུ་། རྒྱ་མཚོའི་གད་སྙིགས་སོགས་དང་སྦགས་བཙོག་དངོས་པོ་བརྟག་དཔྱད་སོགས་ཀྱི་ཕྱོགས་བསྡུས་བརྟག་དཔྱད་བྱས་པར་གཡུར་དུ་ཟ་བའི་རྟོག་ཞིབ་ཀྱི་གྲུབ་འབྲས་ཐོབ་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།