ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས་ཏེ། དངུལ་གཏོང་དང་ཚོང་རའི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་གནད་དོན་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་སྤེལ་སྐབས། དངུལ་གཏོང་དང་ཚོང་རའི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། ཚོང་རའི་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་གཏོང་བ་དང་བརྟན་འཇགས་དང་འདྲ་མཉམ། མངོན་གསལ། སྔོན་དཔག་བྱེད་ཆོག་པའི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་དགོས་ལ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་མྱུར་དུ་འཛུགས་སྐྲུན་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཀྲང་ཀའོ་ལིས་སོགས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཕྱི་ཕྱོགས་ཚོང་བའི་དངུལ་གཏོང་ཐད་ཆོག་མཆན་མ་བཀོད་པའི་སྔོན་ལ་རྒྱལ་དམངས་ཐོབ་ཐང་གི་ཁར་ལྡོག་ཕྱོགས་གསལ་ཁྲ་སྣོན་པའི་སྐོར་གྱི་དོ་དམ་བྱེད་ཐབས་དང་ཚོང་དོན་པུའུ་ཡི་ཉོ་ཚོང་དོ་མཉམ་དང་ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་དངུལ་གཏོང་ལག་བསྟར་བྱེད་པའི་སྐོར་གྱི་འབྲེལ་ཡོད་གནད་དོན། མི་དམངས་དངུལ་ཁང་གི་མི་དམངས་ཤོག་སྒོར་འཛའ་ཐང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་དངུལ་རྩ་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་སྐོར་གྱི་ཡར་ཞུ་ལ་ཉན། མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཡིས་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ང་ཚོས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་བཏོན་པའི་དམིགས་ཡུལ་གཙོ་བོ་ནི་སྒོ་འབྱེད་ལ་བརྟེན་ནས་ང་ཚོ་རང་སྟེང་གི་ལམ་ལུགས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ཁྲིམས་སྲོལ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། ཚོང་གཉེར་ཁོར་ཡུག་དང་གསར་སྐྲུན་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། ཚོང་རའི་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་བཏང་ནས་འཁོར་རྒྱུག་ཕན་འབྲས་ཇེ་མཐོར་གཏོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་ཡིན། ཕྱི་ཕྱོགས་ཚོང་བས་མ་དངུལ་གཏོང་བ་དེས་ཐོན་ཁུངས་ལུགས་མཐུན་སྒོས་སྒྲིག་སྦྱོར་བྱེད་པར་སྐུལ་འདེད་བཏང་བ་དང་ཚོང་ར་ཅན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བར་མ་ཟད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནུས་པ་གལ་ཆེན་བཏོན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དངུལ་རྩ་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་ནི་རང་རྒྱལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན། སྒོ་འབྱེད་གོ་རིམ་འོས་འཚམ་སྒོ་བཀོད་སྒྲིག་བྱས་ཏེ། འཛད་སྤྱོད་མཁན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་པ་དང་དངུལ་རྩའི་གོ་རིམ་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བར་ཕན་པ་ཡོད་པ། དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པར་ཕན་པ་ཡོད་པའི་ཁྱབ་ཁོངས་ནས་མྱུར་དུ་ལག་བསྟར་བྱེད་དགོས། གོ་རིམ་ལྡན་པའི་སྒོ་ནས་མ་རྩའི་ལས་གཞིའི་སྒོ་འབྱེད་ལག་བསྟར་བྱེད་པ་དང་། བརྟན་བརླིང་སྒོས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་བྱས་ཏེ་མུ་མཐུད་ནས་མི་དམངས་ཤོག་སྒོར་འཛའ་ཐང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཤོག་སྒོར་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་སྟེང་དུ་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕིང་བཤད་རྒྱུར། དངུལ་རྩ་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པར་དངུལ་རྩའི་ལྟ་སྐུལ་དོ་དམ་ནུས་པ་ངེས་པར་དུ་རྗེས་ཆོད་དགོས་པ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་ཁྲོད་དུ་མུ་མཐུད་ནས་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་དགོས། རང་རྒྱལ་གྱི་དོན་དངོས་དང་སྦྲེལ་ཏེ་རྒྱལ་སྤྱིའི་སྟེང་དུ་ཕན་འབྲས་ཐོབ་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲུབ་སྟངས་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ་དང་། ལམ་ལུགས་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས་པར་མ་ཟད། མ་རྩའི་ལྟ་སྐུལ་དོ་དམ་དང་བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ། ནུས་པའི་ལྟ་སྐུལ་དོ་དམ་བཅས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དོ་དམ་ནུས་པ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐུན་ཐབས་ཡོང་བ་འགན་སྲུང་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བཤད་རྒྱུར། གཅིག་གྱུར་མགོ་ཁྲིད་ལ་ཤུགས་བསྣན་ནས། གཅིག་གྱུར་སྒོས་མཐུན་སྦྱོར་དང་དངོས་འབེབས་བྱ་བ་བཟང་བོར་བསྒྲུབ་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱེད་པ་དང་། སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་དགོས། ས་གནས་ཀྱིས་སྒོ་འབྱེད་རྒྱ་བསྐྱེད་པའི་ཕྱོགས་སུ་ནུས་པ་ཆེན་པོ་འདོན་དགོས་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་དུ་ཐོག་མར་ལག་བསྟར་བྱེད་པའི་བཅོས་སྒྱུར་གསར་སྐྲུན་ནུས་པ་འདོན་དགོས་ཟེར།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།