ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་གིས་ཟི་ཁྲོན་མའོ་རྫོང་གི་དྲུག་པའི་ཉེར་བཞི་ཉིན་གྱི་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་གྱི་ཡུལ་དངོས་སུ་ཉེན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མངག་བཅོལ་ལྟར། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་ཁྲིད་དེ་ཚེས་ཉེར་བཞི་ཉིན་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང་དུ་སོང་སྟེ། དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་གྱི་འཕྲལ་སྒྲུབ་མྱུར་སྐྱོབ་དང་རྗེས་མཐུད་ཐག་གཅོད་བྱ་བར་མཛུབ་སྟོན་བྱས།

ཉིན་དེའི་ཕྱི་དྲོར། ཝང་ཡུང་མའོ་རྫོང་དུ་ཐོན་རྗེས་མྱུར་དུ་ཏེའེ་ཞི་གྲོང་རྡལ་ཞིན་མོ་སྡེ་བའི་རི་ཉིལ་སའི་ཡུལ་དངོས་སུ་སོང་ནས། གནོད་འཚེ་ཐེབས་པའི་གནས་ཚུལ་དང་འཕྲལ་སྒྲུབ་ཉེན་སེལ་རྒུད་སྐྱོབ་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཉིན་དེའི་དགོང་མོར། ཝང་ཡུང་གིས་མྱུར་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ནས་མགོ་འཛིན་བྱས་ཏེ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་ཆོག་མཆན་གྱི་དགོངས་དོན་གལ་ཆེན་བརྒྱུད་སྒྲོག་བྱས་པར་མ་ཟད། ཟི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱི་གནོད་འཚེ་བྱུང་བའི་གནས་ཚུལ་དང་འཕྲལ་སྒྲུབ་མྱུར་སྐྱོབ་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན།

ཝང་ཡུང་གིས་ཟི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད་ཕྱོགས་སོ་སོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ས་འོག་ཏུ་མནན་པའི་མི་འཚོལ་ཞིབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་སྟེ། རྨས་ཕོག་ནས་ཚེ་ལས་འདས་པ་དང་དབང་བོ་སྐྱོན་ཅན་དུ་འགྱུར་བར་ཚོད་འཛིན་ནན་མོ་བྱེད་དགོས། གར་སོང་མི་ཤེས་པའི་མི་སྣ་འཚོལ་བཤེར་བྱེད་དགོས་པ་དང་། འདས་པོའི་ཐོབ་ཐང་མྱུར་དུ་དཔྱད་ཞིབ་བྱེད་དགོས། ཡར་བསྐྱར་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས་ལ། གནད་འཚེ་བྱུང་རྐྱེན་ལ་བརྟག་དཔྱད་ཟབ་མོ་བྱས་ནས། དུས་ལྟར་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱེད་པའི་གནད་དོན་ལ་ཁ་གཏད་འཇལ་དགོས། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་སྟེ། སྤྱི་ཚོགས་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས། དེང་སྐབས་ཆར་ཆུ་མང་བའི་དུས་སྐབས་སུ་འཁེལ་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་དེར་དོགས་ཟོན་ཆེན་པོ་བྱེད་པ་དང་། རང་བྱུང་གནོད་འཚེ་སྣ་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་བྱེད་པའི་བྱ་བར་གཙིགས་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།