ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུས་བསྟན་དོན་ཟླ7ཚེས1ཉིན་ནས་བཟུང་གྲོང་ཁྱེར་ཆེ་འབྲིང་ཁག་ཏུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་འགྲོ་ལུགས་གཉེར་ཆོག་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་འཛུགས་རྒྱུ་ཡིན་པ།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2016-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་སྤྱི་བདེ་པུས་འཚོགས་པའི་ཐེམ་ཐོ་ཐོ་འགོད་དོ་དམ་དང་གཙང་སེལ་བཅོས་སྒྲིག་ལས་ཀར་སྐུལ་མ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པའི་ཐོག་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཟླ7ཚེས1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་ཁག་དང་ཆ་རྐྱེན་འཛོམས་པའི་རྫོང(གྲོང་ཁྱེར)གིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཡུལ་གཞན་དུ་འགྲོ་ལུགས་གཉེར་བ་མ་ཟད། ལོ་མང་གསོག་ཐེབས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརླགས་ནས་གསར་པ་བཟོས་པའི་ཆ་འཕྲིན་དུས་ཐོག་ཏུ་རྒྱལ་ཡོངས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་ཐོ་འགོད་པའི་མ་ལག་ནང་འཇུག་རྒྱུ་དང་། བོར་བརླགས་ཤོར་བ་དང་གཞན་གྱིས་བརྐུས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཉར་ཚགས་ཡག་པོ་བྱས་པ་དང་སྦྲགས་དེའི་ཆ་འཕྲིན་རྒྱལ་ཡོངས་ཀྱི་བོར་བརླགས་ཤོར་བའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལེན་སའི་མ་ལག་ནང་འཇུག་རྒྱུ་ཡིན་པ་རེད།

སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས། ན་ནིང་ཟླ11པ་ནས་བཟུང་། ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱར་གཞིགས་ནས། སྤྱི་བདེ་པུས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་ནས་འགྲོ་ལུགས་གཉེར་བ་དང་། བོར་ཐོ་འགོད་པ། ལེན་པ་བཅས་ཀྱི“ལམ་ལུགས་གསུམ”གྱི་ལས་དོན་སྤེལ་ཏེ། ཚོད་ལྟ་བྱ་ཡུལ་ས་ཁུལ10ལ་གཅིག་གཏད་གཅིག་གི་ཞིང་ཆེན་བརྒལ་བའི་ལག་ཁྱེར་འགྲོ་ལུགས་གཉེར་བའི་ཚོད་ལྟ་གཏིང་ཟབ་སྤེལ་རྒྱུ་དང་། ཞིང་ཆེན22ནང་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་ནང་ཁོངས་ཀྱི་ཡུལ་གཞན་ནས་འགྲོ་ལུགས་གཉེར་བའི་ལས་ཀ་ཁྱོན་ཡོངས་ནས་འགོ་ཚུགས་ཤིང་། མིག་སྔར་ལག་ཁྱེར་ཁྲི170འགྲོ་ལུགས་གཉེར་བ་དང་། རྒྱལ་ཡོངས་སུ་ལག་ཁྱེར་བོར་ཐོ་འགོད་ས་དང་ལེན་བྱེད་སའི་སྐར་ཁུང་ཁྲི3ལྷག་ཙམ་བཙུགས་པ། བོར་བརླགས་ཤོར་བའི་ལག་ཁྱེར་ཁྲི640ལྷག་ཙམ་ཐོ་བཀོད་པ། མང་ཚོགས་ལ་རྙེད་ནས་བསྐྱལ་བའི་ལག་ཁྱེར་ཁྲི་4ལྷག་ཙམ་ཟིན་ཡོད་པ་དང་། ཟླ7ཚེས1ཉིན་ནས་བཟུང“ལམ་ལུགས་གསུམ”ལག་ལེན་བསྟར་བའི་དུས་རིམ་གཉིས་པ་འགོ་འཛུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

སྤྱི་བདེ་པུས་ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ལ་གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་ཐོ་འགོད་པ་དང་ཆ་འཕྲིན་བདེན་མིན་ཞིབ་བཤེར་བྱེད་པའི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་མ་ཏན་ཏིག་བཏང་ནས་རྒྱལ་ཡོངས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་ཐོ་འགོད་པའི་མ་ལག་ལ་བརྟེན་ཏེ། ལས་རིམ་མི་འཕྱུགས་པར་དོ་ནན་གྱིས་བོར་ཐོའི་ཆ་འཕྲིན་རང་འགུལ་ཐོག་ནས་བསྡུ་རུབ་དང་ཁོངས་སུ་འཇུག་དགོས་པ་དང་། མ་ལག་དྲ་རྒྱ་བེད་མ་སྤྱད་གོང་སྔོན་ལ་བོར་ཐོའི་འགྲོ་ལུགས་གཉེར་བའི་ཆ་འཕྲིན་དག་ཐེར་དབྱེ་གསེད་ནན་ཏན་བྱས་ནས་མ་ལག་ནང་སྔ་ཙམ་འཇུག་དགོས། མི་གཞན་གྱི་ཐོབ་ཐང་ལག་ཁྱེར་སྤྱོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་བཞིན་ཐག་གཅོད་བྱེད་པའི་ཁར་བློས་འགེལ་མི་རུང་བའི་མིའི་མིང་ཐོ་ནག་པོའི་ནང་འཇུག་དགོས། བོར་ཐོ་བཀོད་པའི་ཆ་འཕྲིན་རྒྱལ་ཡོངས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་ཐོ་འགོད་པའི་མ་ལག་ནང་གཅིག་གྱུར་བསྡུ་རུབ་བྱས་རྗེས་གང་མགྱོགས་སྤྱི་བདེ་པུའི་སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་དེ་ཞབས་ཞུའི་ལས་སྟེགས་དང་རྒྱལ་ཡོངས་ཀྱི་མི་འབོར་ཆ་འཕྲིན་སྤྱི་ཚོགས་ཉེར་སྤྱོད་ལས་སྟེགས་དང་དུས་མཉམ་ཡོང་བར་བྱས་ཏེ། སྤྱི་ཚོགས་ཐོག་གི་ལག་ཁྱེར་སྤྱོད་མཁན་སྡེ་ཚན་དང་ལས་ཁུངས་ལ་གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་ཐོ་བཀོད་པའི་ཆ་འཕྲིན་བདེན་མིན་ཞིབ་བཤེར་ཐུབ་པ་བྱེད་དགོས། བབ་བསྟུན་གྱི་བྱ་ཐབས་སྣ་ཚོགས་ཐོག་ནས་མང་ཚོགས་ཀྱིས་རང་འགུལ་ངང་རྙེད་པའི་ལག་ཁྱེར་དང་གཞན་གྱིས་བརྐུས་པའི་ཐོབ་ཐང་ལག་ཁྱེར་སྐྱེལ་བར་ཡོང་རྒྱུར་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱིས་ལྟ་བར་ཡོང་བ་དང་སྐད་ཆ་འདྲི་བར་ཡོང་བ་དང་ལེན་བྱས་ཐོག བོར་བརླགས་ཤོར་བ་དང་གཞན་གྱིས་བརྐུས་པའི་ཐོབ་ཐང་ལག་ཁྱེར་ཐབས་ལམ་སྣ་ཚོགས་ཐོག་ནས་བསྡུ་རུབ་བྱས་པ་དག་སྤྱི་ཚོགས་ཐོག་གྱར་ནས་ཁྲིམས་འགལ་བས་མ་རུང་བར་སྤྱོད་རྒྱུར་དོགས་ཟོན་བྱེད་དགོས་པ་དང་ཆབས་ཅིག་གཏན་འབེབས་ལྟར་ལག་ཁྱེར་ཕྱིར་སྤྲོད་དང་མེད་པ་བཟོ་བ་དང་མཉམ་དུ་ཐོ་ཡག་པོ་འགོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

མིག་སྔར་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ས་ཆ་གཞན་ནས་འགྲོ་ལུགས་གཉེར་བ་དང་། བོར་ཐོ་འགོད་པ། ལེན་པ་བཅས“པུའུ་རིམ་པའི་མ་ལག་གསུམ”བཟོས་ཟིན་ནས“ལམ་ལུགས་གསུམ”རྒྱལ་ཡོངས་སུ་སྤེལ་རྒྱུར་ལག་རྩལ་ཐོག་ནས་འགན་ལེན་ཐུབ་པ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།