ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་ཏེ། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དང་འབྲིང་རིམ་ཡོང་སྒོའི་ཚོགས་པ་རྒྱ་བསྐྱེད་པའི་བྱ་བར་ཞིབ་འཇུག་དང་དངོས་འབེབས་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོང་མི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་སོ་སོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱིས་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བའི་ཇུས་གཞི་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཅང་སུའུ་དང་ཁྲུན་ཆིན། ཧི་པེ། ཧྲིན་ཀྲིན་བཅས་ཀྱིས་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མི་སྣས་འབྲིང་རིམ་ཡོང་སྒོའི་ཚོགས་པ་རྒྱ་བསྐྱེད་པའི་བྱ་བའི་སྐོར་གྱི་ཡར་ཞུ་ལ་ཉན། མགོ་ཁྲིད་ཚན་ཆུང་གི་ཁོངས་མིས་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གིས་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གཏན་ཁེལ་བྱས་རྗེས། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ངོས་ཟིན་སྔར་ལས་ཇེ་མཐོར་སོང་ནས་རང་འགུལ་སྒོས་བྱ་བ་སྒྲུབ་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་སྲིད་ཇུས་དང་བྱེད་ཐབས་ཁ་ཤས་གཏན་འཁེལ་བྱས་ཤིང་། ས་ཁུལ་གང་མང་ཞིག་གིས་ཕྱོགས་བསྡུས་རང་བཞིན་གྱི་ཇུས་གཞི་དང་ཆེད་དོན་ཇུས་གཞི་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་བཞག དེ་དང་མཉམ་དུ་སྲིད་ཇུས་དང་བྱེད་ཐབས་ཁ་ཤས་ལ་སྔར་ལས་ཞིབ་འཇུག་དང་གཏན་འཁེལ་བྱེད་དགོས་པ་དང་། ས་གནས་ཁ་ཤས་ཀྱིས་ད་དུང་བྱ་བ་སྒྲུབ་མགོ་བརྩམ་མེད་པ་དང་བྱ་བ་ཁ་ཤས་སྒྲུབ་པ་དེ་འདྲ་གནད་ལ་ཁེལ་མེད། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དེ་ཁྱོན་ཡོངས་དང་ཡུན་རིང་ལ་འབྲེལ་བ་ཡོད་པས་ངེས་པར་དུ་དམ་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འབྲིང་རིམ་ཡོང་སྒོའི་ཚོགས་པ་རྒྱ་བསྐྱེད་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འབྲེལ་བ་ཡོད་པ་དང་། དེ་རྣམ་པ་སྒྱུར་ཞིང་གྲུབ་ཚུལ་སྙོམས་སྒྲིག་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བའི་དགོས་ངེས་ཀྱི་རེ་བ་ཡིན། འབྲིང་རིམ་ཡོང་སྒོའི་ཚོགས་པ་རྒྱ་བསྐྱེད་སྐབས་ངེས་པར་དུ་སྤུས་ཚད་མཐོ་ཞིང་ཕན་འབྲས་བཟང་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་ཆེ་ཕྱོགས་ཀྱི་དཔལ་འབྱོར་བརྟན་འཇགས་སྲུང་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། ལས་བརྩོན་ཕྱུག་སྒྱུར་གྱི་སྙིང་སྟོབས་ངེས་པར་དུ་དར་སྤེལ་བྱེད་པ་དང་། མི་དམངས་ཀྱིས་ངལ་རྩོལ་ལ་བརྟེན་ནས་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་དགོས་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་དེ་མིན་འབྲེལ་ཡོད་ས་གནས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས།   །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།