ལུགས་གསར་གྱི་ཟླ4པའི་ཚེས2ཉིན། མཚོ་སྔོན་བརྙན་འཕྲིན་ཁང་དང་ཧུའུ་ནན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི«མེ་ཏོག་ཆུན་པོ»ཅེས་པའི་གླུ་གཞས་འགྲན་སྡུར་གྱི་ཟི་ལིང་འགྲན་ཁུལ་གྱི་མིང་ཐོ་འགོད་མགོ་བརྩམས་པ་དང་ཡུའུ་ཧྲུའུ་རྩྭ་ཐང་ནས་ཐོན་པའི་གཞོན་སྐྱེས་གླུ་མ་ཚེ་རིང་ལྷ་མོ་བོད་ཀྱི་གླུ་མ་ཚོའི་ཁྲོད་ཆེས་ཐོག་མར་མིང་ཐོ་འགོད་མཁན་དང་ཁོ་མོའི་མགྲིན་ངག་སྙན་མོས་དེར་ཡོད་ཀྱི་དཔྱད་འདེམ་པ་རྣམས་ཀྱི་ཡིད་ཀྱི་དབང་བ་ཅིག་ཅར་འཕྲོག
ཚེ་རིང་ལྷ་མོའི་ཕ་ཆུང་དུས་ནས་ཚེ་ལས་འདས་སོང་པ་དང་ཨ་མ་དྲིན་མོ་ཆེ་ད་ལྟ་དགུང་ལོ་བདུན་ཅུ་ལྷག་ལ་སོན་ཡོད། སྤྱིར་ཁོ་མོར་ཕུ་ནུ་མིང་སྲིང་དྲུག་ཡོད་ལ་མོ་ཆེས་ཆུང་བ་ཡིན་མོད། ཁྱིམ་ཚང་གི་ལས་འགན་ལྕི་མོ་ཁོ་མོ་གཅིག་པུའི་ཕྲག་ཏུ་བབས་ཡོད། ཚེ་རིང་ལྷ་མོས་མཐོ་འབྲིང་མཐར་ཕྱིན་གྱི་སྐབས་སུ་གཡུར་དུ་ཟ་བའི་རྒྱུགས་འབྲས་བླངས་ཏེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྲིད་འཛིན་དོ་དམ་སྡེ་ཁག་ལ་རྒྱུགས་འཕྲོད་ན་ཡང་། ཁྱིམ་གྱི་འབྱོར་པ་ཧ་ཅང་ཞན་པས་མུ་མཐུད་དུ་ཤེས་བྱའི་སྐྱེད་ཚལ་ཡངས་པོ་ནས་སློབ་གཉེར་ལྷུར་ལེན་གྱི་སྐལ་བ་མ་ལྡན་པས། ཁོ་མོས་རེ་ཞིག་སློབ་མཚམས་བསྐྱུར་ཏེ་པེ་ཅིན་གྱི་བོད་པའི་ཟ་ཁང་ཞིག་ནས་གླུ་དབྱངས་བླངས་ཏེ་འཚོ་བ་རོལ་པ་རེད། རྗེས་སོར་སྦྱིན་བདག་གིས་གནས་ཚུལ་དེ་ཤེས་རྗེས། ཁོ་མོར་མུ་མཐུད་དུ་སློབ་གླིང་ནས་སློབ་གཉེར་བྱ་རྒྱུ་དང་སློབ་ཡོན་ཚང་མ་སྦྱིན་བདག་རང་ངོས་ནས་སྤྲོད་རྩིས་བྱས་པས་ཁོ་མོའི་ཕུགས་བསམ་གྱི་བགྲོད་ལམ་ལ་རེ་བ་དང་ཡིད་ཆེས་ཀྱིས་བལྟམས་པའི་འོད་སྣང་གསར་པ་ཞིག་འཕྲོས་པ་རེད།
ཚེ་རིང་ལྷ་མོས་སློབ་སྦྱོང་གི་ཞོར་དུ་སློབ་གླིང་རང་ནས་བསྒྲུབས་པའི་གླུ་གཞས་འགྲན་སྡུར་སྐབས་མང་པོ་ཞིག་གི་སྟེང་ཞུགས་ཏེ་གཡུར་ཟའི་འབྲས་བུ་བླངས་པར་མ་ཟད། ན་ནིང་ཁོ་མོ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་རྒྱལ་ཡོངས་ན་གཞོན་གླུ་བའི་འགྲན་སྡུར་གྱི་མཚོ་སྔོན་འགྲན་ཁུལ་ནས་ཕུལ་བྱུང་བྱ་དགའ་བླངས་པ་དང་ཡུལ་ཕྱོགས་གཅིག་པའི་གླུ་བ་བདེ་ལེགས་ནོར་བུ་དང་ལྷན་དུ«ས་སྐྱ་པ»ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་པ་རེད།

གཞོན་སྐྱེས་གླུ་མ་ཚེ་རིང་ལྷ་མོ།

ཚེ་རིང་ལྷ་མོས་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།