སྲིད་པའི་ངག་སྒོ་ན་འཚེར་བའི་རིག་གནས་ཀྱི་གཏེར་མཛོད།

—སྲོག་ཆགས་གཏམ་རྒྱུད་ཀྱི་མི་ཆོས་སློབ་གསོའི་བྱེད་ནུས་ལ་དཔྱད་པ།

གླེང་གཞི།

དེ་ཡང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལས་སྒང་བ་བོད་ཀྱི་རིགས་འདི་བྱུང་བའི་སྒྲུང་རབས་ཡོད་པ་ནང་བཞིན། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པ་བསྐལ་བ་ནས་བྱུང་བར་བཤད་ཀྱང་ལུང་དང་རིགས་པའི་གནོད་པ་མེད་ཅིང་། ཡུན་རིང་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་བོད་རིགས་མི་དམངས་ཀྱིས་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་རྣམ་པ་དང་ཁ་མཐུན་པའི་རིག་གནས་ཀྱི་ཤུལ་བཞག་མང་པོ་ཞིག་བསྐྲུན་ཡོད།སྲོག་ཆགས་གཏམ་རྒྱུད་ནི་དམངས་ཁྲོད་གཏམ་རྒྱུད་ཀྱི་ནང་གསེས་སུ་གྲགས་ཤིང་གྲངས་ཀྱི་ཆ་ནས་གཏམ་རྒྱུད་སྤྱིའི་གྲངས་ལས་མང་ཤོས་ཟིན་པ་འཛམ་གླིང་མི་རིགས་སོ་སོའི་ཐུན་མོང་གི་ཁྱད་ཆོས་རེད། ནང་དོན་ལྟར་ན་དེ་ནི་བྱ་དང་བྱིའུ་ལ་སོགས་པའི་གཏམ་རྒྱུད་བརྗོད་པ་ཙམ་མ་ཡིན་པར་འཚོ་བའི་ནང་གི་འགལ་འབྲེལ་དང་སྤྱི་ཚོགས་ཀྱི་གནས་སྟངས་སོགས་བསྡུས་བརྗོད་ཀྱིས་མཚོན་པར་བྱས་པ་ཞིག་ཡིན་པས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན། འདིར་ཁོ་བོས་རྩོམ་རིག་མི་ཆོས་རིག་པའི་དཔྱད་བརྗོད་བྱ་ཐབས་སྤྱད་དེ་ཨ་མདོ་ས་ཆར་དར་ཆེ་བའི་གཏམ་རྒྱུད་ཁག་ཅིག་གིས་བྱིས་པའི་ནར་སོན་གྱི་གོ་རིམ་ཁྲོད་མི་ཆོས་སློབ་གསོ་ཇི་ལྟར་སྤེལ་བའི་ཚུལ་ཅུང་ཟད་སྤྲོས་འདོད་དོ། །

དང་པོ། སྲོག་ཆགས་གཏམ་རྒྱུད་སྤྱི་བཤད་པ།

གཏམ་རྒྱུད་ཅེས་པའི་རིགས་དབྱེའི་ཐད་མཁས་པ་སོ་སོའི་བཞེད་ཚུལ་མི་མཐུན་ཏེ། རྒན་པད་མ་དབང་རྒྱལ་ལགས་ཀྱིས་དེའི་ནང་དོན་དང་ཁྱད་ཆོས་གཞིར་བཟུང་སྟེ་བྱིས་སྒྲུང་དང་ལེགས་བཤད་གཏམ་རྒྱུད། ཁ་མཚར་གཏམ་རྒྱུད་གསུམ་དུ་དབྱེ་ཡོད་ཅིང་། སི་ཏེ་ཐོམ་ཕུ་སུང་གིས1928ལོར་ཨར་ནེའི་《དམངས་ཁྲོད་གཏམ་རྒྱུད་ཀྱི་རིགས་དབྱེ》ཞེས་པ་དབྱིན་ཡིག་ཏུ་བསྒྱུར་ཞིང་ཁ་སྣོན་བྱས་ཏེ་འཛམ་གླིང་སྟེང་མིང་དུ་གྲགས་པའིATདམངས་ཁྲོད་གཏམ་རྒྱུད་རིགས་དབྱེ་བྱ་ཐབས་གསར་གཏོད་མཛད། དེའི་ནང་དུ་དམངས་ཁྲོད་གཏམ་རྒྱུད་ལ་སྲོག་ཆགས་གཏམ་རྒྱུད་དང་སྤྱིར་བཏང་དམངས་ཁྲོད་གཏམ་རྒྱུད། ཁ་མཚར་གཏམ་རྒྱུད། རྒྱུན་མཐུད་གཏམ་རྒྱུད། རིགས་དགར་མེད་པའི་གཏམ་རྒྱུད་ཅེས་སྡེ་ཚན་ཆེན་པོ་ལྔར་བགོས་ཡོད། སྐབས་འདིའི་རྩོམ་དོན་གྱི་བརྗོད་བྱར་གྱུར་བའི་སྲོག་ཆགས་གཏམ་རྒྱུད་ནི་ཕྱི་མ་ལྟར་བཤད་པ་ཡིན།

སྲོག་ཆགས་གཏམ་རྒྱུད་ནི་དུས་ནམ་ཞིག་བྱུང་བ་བཤད་དཀའ་མོད།རིགས་འདིས་གཏམ་རྒྱུད་སྤྱིའི་གྲངས་ཚད་ལས་མང་ཤོས་ཟིན་པ་ནི་འཛམ་གླིང་གི་མི་རིགས་སོ་སོའི་ཐུན་མོང་གི་ཁྱད་ཆོས་རེད། རྩོམ་རིག་ནི་འཚོ་བ་དངོས་ལས་བྱུང་བ་ཞིག་ཡིན་ཕྱིན། སྲོག་ཆགས་གཏམ་རྒྱུད་ཁྲོད་ཀྱི་སྣང་བརྙན་མཐའ་དག་ཡང་ང་ཚོའི་འཚོ་བའི་སྟེང་གི་ངོས་འཛིན་དང་ཕལ་ཆེར་གཅིག་མཚུངས་སུ་སྣང་སྟེ། དཔེར་ན་སྤྱང་ཁུ་ཧམ་སེམས་ཆེ་ཞིང་གླེན་རྟགས་འདྲེས་པ། ཝ་མོ་གདུག་རྩུབ་ཆེ་ཞིང་གཡོ་སྒྱུ་ལྡན་པ། རྟ་ཕོ་ངང་རྒྱུད་རིང་ཞིང་བློ་དཀར་བ་ལྟ་བུ། ཡང་སྐབས་འགར་དྲང་ལྡོག་གཉིས་ཀྱི་སྣང་བརྙན་གྲུབ་པའང་ཡོད། དཔེར་ན་ཨ་མདོ་ས་ཁུལ་དུ་གནག་སེམས་ཆེ་བའི་ཨ་མ་རི་བོང[1]ཞེས་པའི་གཏམ་རྒྱུད་ཁག་ཅིག་ཡོད་པའི་ནང་རི་བོང་གིས་དྲེད་མོང་ཨ་མ་སྒོར་སོང་ཤུལ་དུ་དྲེད་ཕྲུག་བསད་དེ་དྲེད་ཤ་བཙོས། བུ་ཤ་མར་ཟ་རུ་བཅུག་པས་ཀློག་པ་པོའི་མཐོང་ལམ་དུ་ངོས་འཛིན་ཁྲོད་ཀྱི་རི་བོང་གི་སྣང་བརྙན་དང་གཞི་ནས་མི་མཚུངས་པའི་ལྡོག་ཕྱོགས་ཀྱི་སྣང་བརྙན་ཞིག་བཞེངས་བསྐྲུན་བྱས་འདུག

གཏམ་རྒྱུད་དེ་དག་གི་ནང་དོན་ལ་བལྟས་ན་སྤྱིའི་ཆ་ནས་ཕྱོགས་གསུམ་གྱི་བསམ་བློ་མཚོན་ཡོད་དེ། གཅིག་ནས་དྲང་བདེན་གྱི་གནས་ལུགས་བསྟན་ཞིང་མི་གཞི་ལེགས་པོའི་ཕྱོགས་སུ་བསྐུལ་བ། དཔེར་ན་སྤྱང་ཁུ་དང་མ་མོ་ཞེས་པའི་ནང་སྤྱང་ཁུས་དྲིན་ལན་ལོག་འཇལ་བྱེད་པའི་སྐབས་སུ་རི་བོང་གིས་ཐབས་ཤེས་སྤྱད་དེ་དྲང་བདེན་བསྐྱངས་པ། གཉིས་ནས་གཏམ་རྒྱུད་ལས་འཇིག་རྟེན་སྐྱོང་ལུགས་ཀྱི་བསླབ་བྱ་གཏོང་བའི་རིགས་ཡང་མི་ཉུང་བ་ཞིག་ཡོད་པ་ནི་དཔེར་ན་བྱིའུ་དང་ཁྱུང་ཆེན[2]ཞེས་པའི་ནང་རྩོམ་པ་པོས་བྱིའུ་ཡི་ངག་གཡར་ཏེ་མེ་ཆུང་དུས་མ་བསད་ན་རི་བོ་མེ་ལ་བསྲེག ཆུ་ཆུང་དུས་མ་བཀག་ན་ལུང་བ་ཆུ་ཡིས་ཁེངས་ཞེས་འཇིག་རྟེན་གྱི་གནས་ལུགས་ཡང་དག་པ་བསྟན་པ་ལྟ་བུ་སོགས་ཡོད་དོ།།

གཉིས་པ། སྲོག་ཆགས་གཏམ་རྒྱུད་ཀྱི་མི་ཆོས་སློབ་གསོའི་བྱེད་ནུས་སྐོར་བརྗོད་པ།

སྲོག་ཆགས་གཏམ་རྒྱུད་ཀྱི་མི་ཆོས་སློབ་གསོའི་ནུས་པ་ནི་སྣང་བརྙན་བཞེངས་བསྐྲུན་ལས་བྱུང་། དུས་རབས་བཅུ་དགུ་བའི་ནང་ཨ་རིའི་སེམས་ཁམས་རིག་པ་བ་སི་ཐེན་ལེ་ཧོར(Granville Stanley Hall)སོགས་ཀྱིས་མིང་དུ་གྲགས་པའི་བསྐྱར་མཚོན་སྨྲ་བའི་གཞུང་ལུགས་མངོན་བསྒྲགས་བྱས་ཤིང་། ཁོང་ཚོས་ཞིབ་འཇུག་བྱས་པ་ལྟར་ན་མི་སྒེར་གྱི་སེམས་ཁམས་རིག་པའི་འཕེལ་རིམ་ནི་མིའི་རིགས་མི་ལོ་དུང་ཕྱུར་ལྷག་གི་འཕོ་འགྱུར་གོ་རིམ་གྱི་བསྐྱར་མཚོན་ཡིན་ཞིང་། བྱིས་པའི་རིག་ཚད་ནི་ཧ་ལམ་ང་ཚོའི་སྲོག་ཆགས་ཀྱི་མེས་པོ་དག་དང་མཚུངས[3]ཞེས་གསུངས། དེ་ལྟར།བྱིས་པའི་དུས་སུ་ཤིན་ཏུ་ལྐོག་གྱུར་གྱི་གནས་ལུགས་རྟོགས་མི་ཐུབ་པས་སྲོག་ཆགས་གཏམ་རྒྱུད་ཀྱིས་བྱིས་པའི་བློ་ཚད་དང་མཐུན་པའི་སྣང་བརྙན་དང་བྱུང་རིམ་བཀོད་སྒྲིག་བྱས་ཏེ་ལེགས་ཉེས་བླང་དོར་གྱི་གནས་ལུགས་བསྟན་ཞིང་མི་ཆོས་སློབ་གསོའི་ཐད་ལ་གཞན་ལས་ལྷག་པའི་ནུས་པ་མི་དམན་པ་ཐོན་ཡོད།

(གཅིག)སྟག་དང་རི་བོང་གི་གཏམ་རྒྱུད་ལས་མངོན་པའི་བྱིས་པའི་མི་ཆོས་རྨོངས་འཐོམ་རང་བཞིན།

འདིར་གཏམ་རྒྱུད་དངོས་དང་སྦྱར་ཏེ་དཔྱད་པ་ཅུང་ཟད་བགྱིས་ན། ཨ་མདོ་རེབ་གོང་ས་ཁུལ་དུ་སྟག་དང་རི་བོང་གིས་འབྲོང་ཤ་ཟོས་པ་ཞེས་པའི་གཏམ་རྒྱུད་ཁག་ཅིག་དར་ཁྱབ་ཤིན་ཏུ་ཆེ་སྟེ། དེའི་ནང་དོན་མདོར་བསྡུས་ཙམ་ནི་དང་ཐོག་རི་བོང་དང་སྟག་གཉིས་རི་སྐེད་ཅིག་ནས་འཕྲད་དེ་གྲོགས་པོ་བསྒྲིགས།སྟག་གིས་འབྲོང་གསོད་པའི་གནས་ཚུལ་དངོས་རི་བོང་གིས་མཐོང་སྟེ། ཕྱི་ཉིན་ཁོས་རི་ཕྲུག་འགའ་རྗེས་སུ་ཁྲིད་དེ་རྫིག་རྫིག་གི་ཉམས་ཀྱིས་ཉག་ཁ་ཞིག་ལ་སོང་། གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཏེ་སྒུག་ནས་བསྡད་ཡོད་དུས་འབྲོང་ཁྱུ་ཞིག་ཡུལ་དེར་འབྱོར། རི་བོང་གིས་འཇིགས་འཇིགས་ཀྱི་བཟོ་ལྟ་སྣ་ཚོགས་ཤིག་བསྟན་རྗེས་འབྲོང་ཞིག་གི་སྐེར་མཆོངས་ཀྱང་ཡིད་སྐྱོ་བ་ཞིག་ལ་མཆོངས་ཚོད་མ་ཟིན་པས་རང་སྲོག་ཤོར། ང་ཚོས་རྩོམ་རིག་མི་ཆོས་རིག་པའི་ངོས་ནས་རི་བོང་གི་བྱ་སྤྱོད་དེར་དབྱེ་ཞིབ་ཅུང་ཟད་བྱས་ན། རི་བོང་འབྲོང་གི་སྐེར་མཆོང་བ་ནི་སྲོག་ཆགས་ཕན་ཚུན་དབར་ལུས་ཀྱི་གྲུབ་གཟུགས་དང་ནུས་ཚད་ཀྱི་ཐད་ནས་ཁྱད་པར་ཡོད་པ་མ་ཤེས་པས་ཡིན་ལ། མི་ཆོས་རྨོངས་འཐོམ་གྱི་སྐབས་སུ་གནས་པའི་མཚོན་རྟགས་ཡིན། འཇིག་རྟེན་གྱི་ཤེས་བྱ་མཐའ་དག་ནི་མི་བུ་སོ་སོའི་རྒྱུད་དུ་ལྷན་སྐྱེས་སུ་གྲུབ་ནས་ཡོད་པ་ཞིག་མ་ཡིན་ཞིང་ནར་སོན་གྱི་གོ་རིམ་ཁྲོད་རིམ་གྱིས་སློབ་སྦྱོང་བྱས་ཏེ་ཐོབ་པ་ཡིན་ལ།འཐུས་ཚང་དུ་འགྲོ་བའི་གོ་རིམ་ཞིག་ཡོད་པས།ཨིན་གེ་སིས་མ་ལོའི་ཁོག་གི་སྦྲུམ་རྟེན་འཕེལ་བའི་གོ་རིམ་ནི་ང་ཚོའི་སྲོག་ཆགས་ཀྱི་མེས་པོ་དག་སྲིན་འབུ་ནས་མགོ་བརྩམས་ཏེ་ལོ་ངོ་ས་ཡ་དུ་མའི་འཕེལ་རིམ་གྱི་བསྡུས་གཟུགས་ཡིན་པ་ཇི་བཞིན། བྱིས་པའི་བློ་རིག་གི་འཕེལ་རྒྱས་ཡང་ང་ཚོའི་སྲོག་ཆགས་ཀྱི་མེས་པོ་དང་ཡང་ན་ཅུང་འཕྱི་བའི་སྐབས་ཀྱི་སྲོག་ཆགས་ཀྱི་མེས་པོའི་ཤེས་རིག་འཕེལ་རྒྱས་ཀྱི་བསྡུས་གཟུགས་ལྟ་བུར་སྣང[4]ཞེས་གསུངས་པ་ནང་བཞིན། བྱིས་པ་མ་ལོའི་ཁོག་ནས་སྐྱེས་པ་ནས་ཆ་ཚང་བའི་འཇིག་རྟེན་གྱི་ཤེས་བྱ་རྒྱུད་དུ་ཆགས་པའི་བར་མཚམས་འདིར་སློབ་སྦྱོང་གི་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་པས་ང་ཚོས་འདིར་མི་ཆོས་རྨོངས་འཐོམ་གྱི་དུས་སྐབས་ཞེས་བརྗོད།

འོ་ན་རྨོངས་འཐོམ་གྱི་དུས་སྐབས་འདི་གྲུབ་པའི་རྩ་བའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། སྒེར་ཚུགས་ཀྱི་མི་ཞིག་ཏུ་ཆགས་པའི་གནས་སྐབས་སུ་ཧ་ལམ་ཆ་ཚང་བའི་སི་ཧྥིན་ཁེ་སིའི་རྒྱུ་ཞིག་ཏུ་གྲུབ་ཅིང་ལུས་སྟེང་དུ་མི་ཆོས་ཀྱི་རྒྱུ་དང་ལྷན་སྐྱེས་ཀྱི་རྒྱུ་གཉིས་གཞི་གཅིག་ཏུ་འདྲེས་ཡོད[5]པས་ཡིན། ལྷན་སྐྱེས་ཀྱི་རྒྱུ་ནི་རང་རྒྱུད་དུ་གྲུབ་པའི་འདོད་ཆགས་དང་སྐྱེ་འཕེལ་གྱི་ཆར་ངོས་འཛིན་ཞིང་། མི་ཆོས་ཀྱི་རྒྱུ་ཟེར་བ་མི་ཆོས་ཀུན་སྤྱོད་ཀྱི་ཆ་སྟེ་ནར་སོན་གྱི་གོ་རིམ་ཁྲོད་རིམ་གྱིས་སློབ་སྦྱོང་དང་གསོ་སྐྱོང་བྱས་ཏེ་གྲུབ་པ་ཞིག་ཡིན། གཏམ་རྒྱུད་ནང་རི་བོང་གིས་འབྲོང་གསོད་པའི་དགོས་པ་ནི་རང་ཉིད་ལ་ཁ་ཟས་འཚོལ་བ་སྟེ་སྲོག་ཆགས་རང་སྟེང་ན་གྲུབ་པའི་འདོད་ཆགས་ཀྱིས་ཡིན་ཞིང་། རི་ཕྲུག་མང་པོ་དྲུང་དུ་ཁྲིད་དེ་རི་སྐེད་ནས་འབྲོང་ཁྱུར་སྒུག་དུས། རི་བོང་གིས་ཕྲུ་གུ་དག་ལ་ཁོའི་མིག་རྩ་དམར་པོ་ཆགས་འདུག་ཅེས་བརྗོད་དགོས་ཚུལ་བསྟན་པ་ནི་ངོ་དགའི་ཚིག་ལ་ཉན་རྒྱུར་དགའ་བའི་སྲོག་ཆགས་ཀྱི་གཤིས་ཀའི་མཚོན་སྟངས་ཡིན། བྱ་སྤྱོད་འདི་དག་ལས་ང་ཚོས་རི་བོང་གི་ལུས་སྟེང་དུ་སྲོག་ཆགས་ཀྱི་གདོད་མའི་ཁྱད་གཤིས་མངོན་སུམ་དུ་གནས་ཡོད་པ་མཐོང་ཐུབ། གཏམ་རྒྱུད་ཀྱི་མཇུག་མཐར་རི་བོང་སར་ལྷུང་སྟེ་མིག་རྩ་ནས་ཁྲག་བཞུར་བའི་གནས་ཚུལ་རི་ཕྲུག་དག་གིས་མཐོང་སྟེ། ཨོ། མིག་རྩ་དམར་དགོས་ན་ད་ལྟ་དམར་པོ་རེད་ཅེས་ཟུར་ཟའི་ཚིག་གིས་མཇུག་རྫོགས་པ་ཡིས་ལྷན་སྐྱེས་ཀྱི་རྒྱུ་རྒྱ་ཡན་དུ་བཏང་བའི་ཉེས་དམིགས་བསྟན་ཞིང་། ཨ་རིའི་སེམས་ཁམས་རིག་པ་བ་སི་ཀིན་ནེར་གྱི་ལྟ་བ་ལྟར་ན་འབྲས་བུ་འདི་ནི་ལྡོག་ཕྱོགས་ཀྱི་སྐུལ་མ་ཡིན་ཏེ། བྱིས་པས་གཞན་གྱི་སྤྱོད་པ་དེ་རང་རྒྱུད་དུ་ལེན་མིན་གཙོ་བོ་སྐུལ་མ་ཐོབ་ཡོད་མེད་ལ་རག་ལས་ཤིང་། གལ་སྲིད་ཁོ་ཚོས་ལེགས་པའི་བྱ་བ་ཞིག་བྱས་ཏེ་ཉེ་འཁོར་ནས་དྲང་ཕྱོགས་ཀྱི་སྐུལ་མ་ཐོབ་ཚེ་དེ་ཉིད་རྒྱུན་སྐྱོང་བྱེད་ཅིང་མ་ཐོབ་ཚེ་མི་བྱེད་པར་གསུངས། གཏམ་རྒྱུད་ཚན་པ་འདིའི་ནང་དུ་རི་བོང་གི་སྲོག་ཤོར་བ་ནི་ཀློག་པ་པོ་ཆུང་ཆུང་ཚོར་མཚོན་ན་ཉེན་བརྡ་ཞིག་ཡིན་ཞིང་རང་ཚོད་མ་ཟིན་ཚེ་དེ་ལྟའི་འབྲས་བུ་འབྱུང་སྲིད་པ་བསྟན་ཡོད།

(གཉིས།)ཨ་ཁུ་འབྲོང་གི་གཏམ་རྒྱུད་ལས་སྲོག་ཆགས་གཏམ་རྒྱུད་ཀྱིས་ལྷན་སྐྱེས་ཀྱི་རྒྱུ་འགོག་ཚུལ།

སྲོག་ཆགས་གཏམ་རྒྱུད་ཀྱིས་མི་ཆོས་སློབ་གསོ་སྤེལ་བའི་གོམ་པ་དང་པོ་ནི་བྱིས་པའི་ལུས་སྟེང་གི་ལྷན་སྐྱེས་ཀྱི་རྒྱུ་འགོག་པ་དེ་ཡིན་ལ། མི་ཆོས་ཀྱི་ལམ་ཁ་ཡག་པོ་ཞིག་གདམ་གསེས་མ་བྱས་གོང་བྱིས་པའི་བྱ་སྤྱོད་ལ་ཀུན་སྤྱོད་ཀྱི་ཚད་གཞི་ངེས་གཏན་ཞིག་མེད་པས་བྱ་བ་ཕལ་ཆེར་རང་སྟེང་གི་དགོས་མཁོར་བསྟུན་ནས་བསྒྲུབ་པར་སྣང་། བར་སྐབས་འདིར་སྲོག་ཆགས་གཏམ་རྒྱུད་ཀྱི་ལས་འགན་གཙོ་བོ་ནི་བཟང་ངན་གྱི་རྣམ་བཞག་ལེགས་པོ་ཞིག་ཀློག་པ་པོ་ཆུང་ཆུང་ཚོར་ངོ་སྤྲོད་བྱས་ཏེ།ཁོང་ཚོའི་ལུས་སྟེང་གི་ལྷན་སྐྱེས་ཀྱི་རྒྱུའམ་ཆ་ཤས་དེ་དག་རིམ་གྱིས་མེད་པར་བཟོ་རྒྱུ་དེ་ཡིན། ཨ་ཁུ་འབྲོང་གི་ཁ་འདི་གསེར་ཁ་རེད[6]་ཅེས་པའི་གཏམ་རྒྱུད་ཀྱི་ནང་དུ་རི་བོང་ཨ་མ་དང་དྲེད་མོང་ཨ་མ་གཉིས་མཉམ་དུ་གྲོ་མ་བརྐོ་རུ་སོང་། ཉིན་གུང་གི་མཚམས་སུ་རི་བོང་ཨ་མ་ད་དུང་ཡུལ་ལ་མ་འབྱོར་བས་རི་ཕྲུག་གིས་རང་གི་ཨ་མ་ནི་དྲེད་མོང་ཨ་མས་བསད་སོང་བ་ཤེས།ཕྱིར་ཉིན་རི་ཕྲུག་གིས་དྲེད་ཕྲུག་སྒང་མཐོན་པོ་ཞིག་གི་མགོར་ཁྲིད་དེ་དར་ཤུད་སྟེག་པའི་གོ་སྐབས་དང་བསྟུན་ནས་དྲེད་ཕྲུག་བསད། གཏམ་རྒྱུད་འདི་ལས་དྲེད་མོང་ཨ་མས་རི་བོང་ཨ་མ་གསོད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁ་ཟས་ཀྱི་ཆེད་དེ་སྲོག་ཆགས་རང་སྟེང་ན་ཡོད་པའི་འདོད་ཆགས་ཀྱིས་ཡིན་ལ། འདོད་ཆགས་དེའི་རྐྱེན་གྱིས་རང་གི་བུའི་སྲོག་ཡང་ཤོར། དམངས་ཁྲོད་གཏམ་རྒྱུད་འདི་དག་གི་བྱུང་རིམ་བཀོད་སྒྲིག་ཐད་ནས་ཅུང་བབ་ཆགས་ཤིག་མིན་ན་ཡང་རྒྱུན་མཐུད་ཀྱི་བྱ་བའི་བྱུང་རིམ་ལས་ཀློག་པ་པོར་བཟང་ངན་གྱི་དབྱེ་བ་བསྟན་ཞིང་རང་སྟེང་གི་འདོད་ཆགས་རྒྱ་ཡན་དུ་བཏང་བའི་ངན་འབྲས་གསལ་རྗེན་དུ་མངོན། འགའ་རེས་སྲོག་ཆགས་གཏམ་རྒྱུད་ཀྱི་ཁྲོད་དུ་རོ་སྐྱིན་ལེན་པ་སོགས་བྱུང་བ་ནི་གཉུག་མའི་རིག་གནས་རེད་དེ་མ་ལེགས་སོ་ཟེར་ན། དེ་ནི་དུས་སྐབས་སོ་སོ་དང་མི་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་སྦྱར་ནས་བཤད་དགོས་ཏེ། གནའ་དུས་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་ལས་ཕ་དྲིན་ཆེན་གྱི་དགྲ་ཤ་མ་ལོན་ན་མི་ལོ་གང་མང་བར་སྐྲ་མི་བཞར་བ་དང་གདོང་མི་བཀྲུ་པ་སོགས་རྒྱུན་དུ་མཐོང་རྒྱུ་འདུག་པས།འདིར་རོ་སྐྱིན་ལེན་པ་ཡང་བོད་ཀྱི་གདོད་མའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་ལ། གཏམ་རྒྱུད་ལས་འདི་ལྟ་བུ་བྱུང་བས་ཀྱང་བོད་ཀྱི་གནའ་དུས་ཀྱི་རིག་གནས་ཁྲོད་འདི་ཉིད་གཙོ་བོ་ཞིག་ཏུ་འཛིན་གྱི་ཡོད་པ་ཤེས་ཐུབ། ཡིན་ཡང་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིག་གནས་ཀྱི་ངོ་བོའང་འགྱུར་བཞིན་འདུག་པས་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་མཚོན་ན་ཡང་བསྟན་པ་མ་ཉམས་ཤིང་ཆུ་རྒྱུན་མ་ཆད་པར་གནས་དགོས་ན་ངེས་པར་དུ་དུས་དང་མཐུན་པའི་འགྱུར་བ་བྱུང་དགོས་ཏེ། དེ་མིན་ཉན་མཁན་རྣམས་ལ་ནོར་འཁྲུལ་ཅན་གྱི་ལྟ་བ་བརྒྱུད་སྤེལ་བྱེད་ཉེན་ཆེ།

ཀློག་པ་པོས་གཏམ་རྒྱུད་ཁྲོད་ཀྱི་བསླབ་བྱ་རྒྱུད་དུ་ལེན་པ་ནི་རང་ངོས་ནས་དང་ལེན་བྱས་ཤིང་རྩོམ་ཆོས་དང་མཉམ་སྒྲོག་བྱུང་བའི་གོ་རིམ་ཞིག་ཡིན་ཞིང་། ཀློག་པ་པོ་དང་བརྩམས་ཆོས་བར་མཉམ་སྒྲོག་འབྱུང་དགོས་ཚེ་ངེས་པར་དུ་བརྩམས་ཆོས་ལ་ཡིད་ཆེས་བྱེད་དགོས་པས་ཡིད་ཆེས་དེ་ནི་བརྩམས་ཆོས་ནང་གི་སྣང་བརྙན་དེར་སྐྱོན་ཆ་ཡོད་མེད་ལ་རག་ལས། གོང་གི་གཏམ་རྒྱུད་དེར་དྲེད་མོང་ཨ་མས་རི་ཕྲུག་བདའ་བའི་སྐབས་དེར་ཨ་ཁུ་འབྲོང་གིས་རི་ཕྲུག་གི་སྲོག་བསྐྱབས། ཡིན་ཡང་མཐར་རི་ཕྲུག་གིས་འབྲོང་ལ་དྲིན་ལོག་བྱས་ཏེ་བསད་པ་ནི་མི་གཞི་སྐྱོན་ཅན་དུ་མཐོང་ཞིང་སྐབས་འདིར་ཁོའི་ལུས་སྟེང་དུ་སྣང་བརྙན་མི་འདྲ་བ་གཉིས་གྲུབ་འདུག འབྲས་བུའི་ངོས་ཐད་ནས་ཉམས་ཆུང་རི་བོང་གིས་སྟོབས་ཅན་འབྲོང་བསད་པས་བློ་རིག་པ་ཅན་དང་། མི་ཆོས་ཀྱི་ཐད་ནས་དྲིན་ཆེན་ལ་དྲིན་ལོག་བྱས་པས་བསྟན་བཤིག་མ་རབས་ཀྱི་སྣང་བརྙན་ཞིག་རེད། དྲང་ལྡོག་གཉིས་ཀྱི་སྣང་བརྙན་འབྱུང་རྐྱེན་མདོར་དྲིལ་ན་ཀློག་པ་པོ་དང་བརྩམས་ཆོས་བར་ཡིད་ཆེས་ཀྱི་འབྲེལ་བ་ཆགས་པའི་ཆེད་ཡིན་ཞིང་། བོད་ཀྱི་ཁ་དཔེར་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད།ཅེས་པ་ནང་བཞིན་སྐྱོན་ཡོན་གཉིས་ལྡན་གྱི་སྣང་བརྙན་གྱིས་ལྷག་པར་དུ་ཀློག་པ་པོའི་དང་བ་འདྲེན་ཐུབ་པས་ཡིན། དེ་ནི་ཨ་རིའི་ཨེད་ལེ་སིན་ལུའུ་ལེས(Alison Lurie)གསུངས་པ་ཇི་བཞིན། ཀློག་པ་པོའི་སྤྲོ་བ་ནི་ཡང་དག་པའི་ཀུན་སྤྱོད་ཀྱིས་དྲངས་པ་མ་ཡིན་ཞིང་ནོར་སྐྱོན་དང་ངོ་རྒོལ་གྱིས་དྲངས་པ་ཡིན་ལ[7]། ཀུན་སྤྱོད་ཐད་ཀྱི་སྐྱོན་ལྡན་རང་བཞིན་གྱིས་ཀློག་པ་པོ་ཆུང་ཆུང་ཚོའི་མིག་ལམ་དུ་གསོན་ཉམས་ལྡན་པའི་བློ་མེད་བྱིས་ཆུང་ཞིག་གི་སྣང་བརྙན་བཞེངས་བསྐྲུན་བྱས་ཤིང་བརྩམས་ཆོས་ལ་ཡིད་ཆེས་བྱེད་དུ་འཇུག་ཐུབ་པས་གཏམ་རྒྱུད་ཁྲོད་ཀྱི་བསླབ་བྱ་དང་ལེན་བྱེད་པར་དགོས་པ་ཆེན་པོ་ལྡན། གལ་སྲིད་སྲོག་ཆགས་གཏམ་རྒྱུད་ཁྲོད་ཀྱི་སྣང་བརྙན་ནི་སྐྱོན་ཀུན་རྫོགས་དང་ཡོན་ཏན་ཀུན་ལྡན་ཞིག་ཡིན་ཚེ་ཀློག་པ་པོ་དང་ཤིན་ཏུ་ཐག་རིང་བའི་ཚུལ་དུ་ཆགས་འགྲོ་ཞིང་སྤྲོ་བའང་འདྲེན་དཀའ་བའི་ཚུལ་དུ་གདའ།

གསུམ་པ། དྲེད་ཕྲུག་རྒྱ་རིལ་གྱི་གཏམ་རྒྱུད་ལས་སྲོག་ཆགས་གཏམ་རྒྱུད་ཀྱིས་མི་ཆོས་ཀྱི་རྒྱུ་གསོ་སྐྱོང་བྱེད་ཚུལ།

སྲོག་ཆགས་གཏམ་རྒྱུད་ཀྱིས་མི་ཆོས་སློབ་གསོ་སྤེལ་བའི་མཐར་ཐུག་གི་དམིགས་ཡུལ་ལྷན་སྐྱེས་ཀྱི་རྒྱུ་འགོག་པ་ཙམ་མ་ཡིན་ཞིང་། བྱིས་པའི་ལུས་སྟེང་གི་མི་ཆོས་ཀྱི་རྒྱུ་གསོ་སྐྱོང་བྱ་རྒྱུ་དང་ཡང་དག་པའི་མི་ཆོས་ཀྱི་ལམ་ཁ་དང་བསམ་གཞིག་བྱེད་སྟངས་གསོ་སྐྱོང་བྱ་རྒྱུའི་ཆེད་དུ་ཡིན། གོ་བདེར་སྨྲས་ན་སྲོག་ཆགས་གཏམ་རྒྱུད་ཀྱིས་ངོ་མཚར་གྱི་བྱུང་རིམ་ལ་བརྟེན་ནས་བྱིས་པ་ཚོར་ཅི་ཞིག་སྒྲུབ་མི་ཆོག་པ་བརྗོད་དགོས་པར་མ་ཟད་དེའི་རྨང་གཞིའི་སྟེང་ནས་ཅི་ཞིག་སྒྲུབ་དགོས་པའི་ལམ་ཁ་སྟོན་དགོས། བྱིས་པའི་དུས་སུ་ཤིན་ཏུ་ལྐོག་གྱུར་གྱི་གནས་ལུགས་གོ་མི་ཐུབ་པས་མི་ཆོས་ཀྱི་རྒྱུ་གསོ་སྐྱོང་བྱེད་པའང་གཙོ་བོ་མིག་དཔེ་བཞེངས་བསྐྲུན་ལ་བརྟེན་དགོས་ཤིང་། བརྩམས་ཆོས་ཁྲོད་ཀྱི་དྲང་ཕྱོགས་ཀྱི་སྣང་བརྙན་ནི་ཁོང་ཚོའི་ལད་མོ་བྱེད་ས་གཙོ་བོ་ཞིག་ཡིན།

ཨ་མདོ་ས་ཆའི་དམངས་ཁྲོད་གཏམ་རྒྱུད་ཀྱི་ནང་དུ་དྲེད་ཕྲུག་རྒྱ་རིལ་དང་ཨ་ཁུ་སྤྱང་ཁུ་ཞེས་པའི་གཏམ་རྒྱུད་ཁག་ཅིག་ཡོད། དེའི་ནང་དོན་མདོར་བསྡུས་ཙམ་བརྗོད་ན། ནགས་ཚལ་མང་པོ་འཛོམས་སའི་ཡུལ་ཞིག་ན་དྲེད་མོང་མ་བུ་གཉིས་ཡོད། ཉིན་ཞིག་ལ་དྲེད་མོང་ཨ་མ་གྲོ་མ་བརྐོ་རུ་སོང་སྟེ་འགྲོ་ཁར་དྲེད་ཕྲུག་ལ་ཁྱོད་ཀྱིས་སྒོ་མ་འབྱེད་ནང་ནས་སྡོད། སྒོ་ཕྱེས་ན་ཨ་ཁུ་སྤྱང་ཁུས་འཆའ་ནི་རེད་ཅེས་སྨྲས་ཏེ་རི་ལ་སོང་། ཉིན་གུང་ཙམ་ལ་དྲེད་ཕྲུག་གིས་ཨ་མར་སྒུག་ཡོད་དུས་ཕྱི་ནས་སྒོ་རྡུང་བའི་སྒྲ་ཞིག་གྲགས་ཏེ་དྲེད་ཕྲུག་རྒྱ་རིལ། སྒོ་ཕྱེས། ཨ་མ་ཕྱིར་ཐོན་དང་ཞེས་བརྗོད་ཡོང་། དྲེད་ཕྲུག་གིས་སྒོ་སྲུབས་ནས་བལྟས་ཏེ་ཨ་མ་མིན་པ་ཤེས་ནས་ཁྱོད་ནི་ངའི་ཨ་མ་མ་རེད། ངའི་ཨ་མ་ས་དཀར་ནང་གི་སྐྱ་དཀར་ཞིག་ཡིན་ཞེས་སྤྱང་ཁུས་སྔ་ཕྱིར་ལན་གསུམ་ལ་སྒོ་བརྡུངས་རུང་མ་ཕྱེས་པས་ཐབས་ཟད་དེ་སྒོ་ངོར་སྡེར་འདྲེད་བྱས། སྐབས་དེར་དྲེད་མོང་ཨ་མ་ཕྱིར་ཐོན་ཏེ་སྤྱང་ཁུ་སྐྲག་ནས་བྲོས། གཏམ་རྒྱུད་འདིར་དྲེད་ཕྲུག་གིས་སྒོ་རྡུང་མཁན་དེས་ལྕེ་མ་ནེ་མགོར་གཡུགས་ནས་ཡོད་པར་གཞིག་སྟེ་སྤྱང་ཁུ་ཡིན་པ་ཤེས་པ་ནི་བསམ་གཞིག་གི་ནུས་པ་གྲུབ་པའི་རྟགས་སུ་མཐོང་ཞིང་། བྱིས་པ་ཚོར་གཞན་གྱི་བརྗོད་པ་ཐམས་ཅད་ལ་ཡིད་ཆེས་མི་རུང་བར་བསམ་གཞིག་ལེགས་པོ་སྔོན་ལ་འགྲོ་དགོས་པའི་མི་ཆོས་ཀྱི་གནད་གདམས་པ་ཡིན། ཡང་དྲེད་ཕྲུག་གིས་ངའི་ཨ་མ་ནི་ས་དཀར་ནང་གི་སྐྱ་དཀར་ཞིག་ཡིན་ཟེར་བ་སོགས་ནི་དོན་དུ་ཉེན་ཁ་སེལ་བའི་ཐབས་ཤིག་ཏུ་མཐོང་ཤིང་། རང་ཉིད་ཁེར་རྐྱང་དུ་ལུས་པའི་སྐབས་སུ་ཉེན་ཁ་དང་འཕྲད་ཚེ་བློ་དང་རིག་པས་ཕ་རོལ་དགྲ་བོ་དང་འཐབ་རེས་བྱེད་པ་ནི་བྱིས་པ་རྣམས་ལ་མཚོན་ན་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པའི་འཚོ་ཐབས་ཤིག་ཡིན་པས།གཏམ་རྒྱུད་ནང་གི་དྲེད་ཕྲུག་རྒྱ་རིལ་གྱི་བྱ་སྤྱོད་ནི་ཁོང་ཚོའི་མིག་དཔེ་ལྟ་ས་ཆེས་ལེགས་ཤོས་དེ་ཡིན། གཏམ་རྒྱུད་འདིའི་མཇུག་ཏུ་དྲེད་མོང་ཨ་མས་དྲེད་ཕྲུག་རྒྱ་རིལ་ལ་བསྟོད་པ་བྱས་པ་ནི་སེམས་ཁམས་རིག་པའི་ངོས་ནས་དྲང་ཕྱོགས་ཀྱི་སྐུལ་མ་ཡིན་ཏེ། དེར་བརྟེན་ནས་བྱིས་པའི་རྒྱུད་དུ་སྤྱོད་པ་འདི་ནི་ལེགས་སོ་སྙམ་པའི་འདུན་པ་ཞིག་སྐྱེས་སུ་བཅུག་སྟེ་མུ་མཐུད་རྒྱུན་འཁྱོངས་བྱ་བའི་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་ཡོད།

མཇུག་བསྡུ་བ།

མི་ནི་རྒྱུ་གཉིས་ཀྱིས་གྲུབ་པའི་ཕུང་བོ་ཞིག་ཡིན་གཤིས་མི་ཆོས་རྨོངས་འཐོམ་སྐབས་སུ་གནས་པའི་བྱིས་པ་དག་ལ་མཚོན་ན་ལྷན་སྐྱེས་ཀྱི་གྲིབ་མ་བཀྲུས་ཏེ་མི་ཆོས་ཀྱི་སྒོར་འཇུག་རྒྱུ་ནི་ཤིན་དུ་གལ་ཆེ་བའི་ལས་ཞིག་ཡིན་ཏེ། སྲོག་ཆགས་གཏམ་རྒྱུད་ཀྱིས་དོན་གྱི་བྱུང་རིམ་སྣ་ཚོགས་བཀོད་སྒྲིག་བྱས་པར་བརྟེན་ནས་ལྷན་སྐྱེས་ཀྱི་རྒྱུའི་ཉེས་དམིགས་ཀློག་པ་པོའི་མིག་ལམ་དུ་བཀྲམས་ཏེ་དེ་ལས་ཐར་དགོས་པའི་གནས་ལུགས་བསྟན་ཞིང་། ཡང་མི་ཆོས་སློབ་གསོ་སྤེལ་བའི་མཐར་ཐུག་གི་དམིགས་ཡུལ་ནི་ཅི་ཞིག་ལས་དགོས་པའི་གནད་ཀ་གདམ་རྒྱུ་དེ་ཡིན་པས། གཏམ་རྒྱུད་ལས་དྲེད་ཕྲུག་རྒྱ་རིལ་ལྟ་བུའི་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ་ཀློག་པ་པོ་ཆུང་ཆུང་ཚོར་མིག་དཔེ་བསྟན་ཞིང་ཁོ་ཚོའི་ནར་སོན་གྱི་ལོ་ཟླའི་ཁྲོད་དུ་མི་ཆོས་ཀྱི་རྒྱུ་གསོ་སྐྱོང་བྱེད་པའི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་ཡོད།སྲོག་ཆགས་གཏམ་རྒྱུད་ནི་བོད་རིགས་མི་དམངས་ཀྱི་རིག་པའི་རྩལ་ལས་གྲུབ་པའི་ཤེས་རིག་གི་ཉིང་བཅུད་དང་མི་རིགས་རིག་གནས་ཀྱི་གཞི་རྐང་ཡིན་ལ། མདོ་དབུས་ས་མཐོའི་སྟེང་དུ་གནས་པའི་བོད་པ་རྣམས་ལ་མཚོན་ན་གཏམ་རྒྱུད་ནི་དགོད་ཁ་སློང་བྱེད་དང་ཉི་མ་གཏོང་བྱེད་ཀྱི་ཐབས་ཙམ་དུ་མ་མཆིས་ཤིང་། འཚོ་བའི་ཉམས་མྱོང་བརྒྱུད་སྤྲོད་བྱེད་པའི་འཕྲིན་གྱི་ཕོ་ཉ་དང་རིགས་ཀྱི་བསམ་བློ་བསྐྲུན་བྱེད་ཀྱི་རྨང་རྡོ་ལྟ་བུར་ཆགས་པས།མི་རབས་ནས་མི་རབས་བར་སྙན་ནས་སྙན་དུ་བརྒྱུད་དེ་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། །

མཆན།

[1]རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ།གཏམ་རྒྱུད་དེབ། རྡོ་རྗེ་སྐྱིད་སོགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་གྲངས455།

[2]སྲོག་ཆགས་ཀྱི་གཏམ་རྒྱུད་ཐོར་བུ།ཧྲི་ཞོའོ་ལིས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་གྲངས127པ།

[3]《英国童话中的伦理教诲功能研究》,李纲,华中师范大学博士学位论文.

[4]《马克思恩格斯选集》,恩格斯,人民出版社,1995年版,第383页

[5]《文学伦理学批评:伦理选择与斯芬克斯因子》,聂珍钊,外国文学研究2011年第6期

[6]རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད་དེབ། རྡོ་རྗེ་སྐྱིད་སོགས། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་གྲངས453།

[7]《永远的男孩女孩:从灰姑娘到哈利波特》.艾莉森·卢里著,晏向阳译.南京:南京大学出版社.2008年版.第214页.

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།