བརྩམས་སྒྲུང《བྱ་ཞིག་ཡིན་ན་བསམས་བྱུང》ཞེས་པ་ཅུང་ཟད་གླེང་བ།

ཁོ་བོ་ཁོམ་གསེང་དུ་དཔེ་ཆ་བལྟ་རྒྱུར་ཤིན་ཏུ་དགའ། རྒྱུན་པར་རྩོམ་ཡིག་ཐན་ཐུན་རེ་འབྲི་བར་སྤྲོ་ཞིང་། དྲང་མོར་བཤད་ན་རྩོམ་པ་པོ་ཞིག་བྱ་རྒྱུ་ནི་ངའི་ཕུགས་བསམ་ཉག་གཅིག་ཡིན། འོན་ཏེ་ད་ལྟའི་བར་དུ་བྲིས་ཁུལ་བྱས་པ་དག་རྩོམ་ཡིག་ཏུ་བགྲངས་ཆོག་པ་གཅིག་ཀྱང་སྟོན་རྒྱུ་མི་འདུག་ལ། ཅི་ཞིག་བརྗོད་འདོད་ཀྱི་དབང་གིས་ཉིན་གཅིག་ཀྱང་ཡིད་སེམས་ལྷོད་ལ་འབབ་ཐབས་བྲལ་ཡང་། ངའི་ལོ་རྒྱུས་ཁྲོད་དུ་ལག་པ་ནམ་ཡང་སེམས་ཀྱི་རྗེས་སུ་ཆོད་ཐུབ་མ་སོང་། ཐེངས་འདིའི་གླེང་བྱ་སྟེ། 《བྱ་ཞིག་ཡིན་ན་བསམས་བྱུང》གི་དཔྱད་བརྗོད་དམ་མྱོང་ཚོར་གང་རུང་ཞིག་འབྲི་ཁུལ་བྱས་པ་དེའང་གཟའ་འཁོར་གཉིས་ཙམ་གྱི་རིང་ལ་བློས་བསླངས་བྱས་པ་ཡིན་མོད། དོན་དངོས་ཡིག་ཐོག་ཏུ་འགོད་སྐབས་འགོ་གང་ནས་འཛུགས་དགོས་པའང་ཤེས་མ་སོང་། སྤྱིར་ན་དེང་གི་དུས་འདིར་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ། སློབ་མ་སོགས་ཀྱིས་ཅི་ཞིག་འབྲི་ཁུལ་བྱེད་བཞིན་པ་ཐམས་ཅད་ལ“རང་ཉིད་དང་ཐག་ཉེ་ས་ཞིག་ནས་འབྲི་དགོས”ཞེས་དུས་རྒྱུན་དུ་ལབ་བཞིན་མཆིས་མོད། འོན་ཀྱང་རང་གི་མིག་གིས་རང་སྣ་མི་མཐོང་བས་རང་ས་ནས་འགོ་བརྩམས་དགོས་ཞེས་པ་འདིའང་ཁ་ཐོག་ཙམ་ཏུ་གནས། སྒྲུང་ཐུང《བྱ་ཞིག་ཡིན་ན་བསམས་བྱུང》ཞེས་པ་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་སྒོ་མེད་ཚེ་རིང་བཀྲ་ཤིས་སམ་སྨྱུག་མིང་ཁྲི་སེམས་དཔའ་རུ་འབོད་པས་བརྩམས་ཤིང་། 2008ལོའི《སྦྲང་ཆར》དེབ་དང་པོའི་སྟེང་དུ་སྤེལ་འདུག ཁྲི་སེམས་དཔའ་ནི་ཉེ་བའི་ལོ་ཤས་རིང་ལ་བོད་ཀྱི་རྩོམ་སྟེགས་སྟེང་དུ་བུད་པའི་ན་གཞོན་རྩོམ་པ་པོའི་གྲས་གཅིག་རེད། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ད་ལྟ་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་ནང་བྱ་བ་ལས་བཞིན་གདའ། ཁོས་བརྩམས་སྒྲུང་དང་སྙན་ངག་སོགས་འབྲི་ཞིང་། ད་ལྟའི་བར་ཏུ་གྲུབ་འབྲས་ཀྱང་མི་དམན་པ་བླངས་འདུག འཐུས་ཚབ་བརྩམས་ཆོས་སུ་བགྲངས་ཆོག་པའི་བརྩམས་ཆོས་ལ《 སད་དང་མ་སད་མི་འདུག》དང་།《རྒད་པོ་ཉི་མ་དང་ཁོའི་སྟོད་ཉི་མ་ལྷ་ས》སོགས་དང་། ད་རེབ་གླེང་འགྱུར་ཡིན་པའི་བརྩམས་སྒྲུང་འདི་ལྟ་བུའོ། །  ཁྲི་སེམས་དཔའི་བརྩམས་སྒྲུང་གི་རྣམ་པའི་ཆ་ནས་སྲོལ་རྒྱུན་གྱི་འབྲི་སྟངས་ཏེ་གཏམ་རྒྱུད་ཁོ་ན་གླེང་བའང་མིན་ལ། དེང་གི་དེང་རབས་ཕྱི་མའི་ལུགས་ལ་ལད་ཟློས་བྱས་ནས་རྗེས་མ་ཆོད་པའི་སྣང་བ་བན་བུན་ཙམ་དང་མཚར་ལ་རིང་བའི་གཏམ་རྒྱུད་ཀྱི་ཚིག་གི་རོལ་རྩེད་ཁོ་ན་ཙམ་བརྗོད་པའང་མིན་པར། གཏམ་རྒྱུད་ནི་བརྩམས་སྒྲུང་གི་རྨང་གཞི་ཡིན་པ་ལྷུར་བླངས་ཡོད་པར་འདོད། ང་ཚོས་ཁོའི་བརྩམས་སྒྲུང་གི་ཕྱིའི་རྣམ་པའི་ཆ་ནས་ལམ་སང་ཁོའི་གྲུབ་འབྲས་མཐོང་དཀའ། དེས་ན་ཁོའི་བརྩམས་སྒྲུང་ལ་རྗོད་བྱེད་རྣམ་པའི་ཐད་ནས་ཐུན་མིན་གྱི་ཁྱད་ཆོས་དང་གྲུབ་འབྲས་གཏན་ནས་མེད་ཅེས་པ་མིན་རུང་། ཁོའི་བརྩམས་སྒྲུང་གི་ཁྱད་ཆོས་སམ་ཡོན་ཏན་གང་དུ་མངོན་ཡོད་ཅེ་ན། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཆེན་པོར་གཞི་བཅའ་བ་དང་མང་ཚོགས་ཀྱི་བདེ་སྡུག་མཚོན་པ། སྐྱུག་བྲོ་བའི་བྱ་དངོས་ལ་སུན་འབྱིན་པ། བསམ་བློའི་ཟབ་ཚད་ལྡན་པ་སོགས་ལས་མཐོང་ཐུབ་པར་སྣང་ལ། ལྷག་པར་ཁོའི་བརྩམས་སྒྲུང《སད་དང་མ་སད་མི་འདུག》དང《རྒད་པོ་ཉི་མ་དང་ཁོའི་སྟོད་ཉི་མ་ལྷ་ས》སོགས་ལས་མང་ཚོགས་ཀྱི་བདེ་སྡུག་དང་ཉེ་བར་བཅར་ཡོད་ཅིང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཆེན་པོར་གཞི་བཅོལ་ཏེ་དངོས་ཡོད་ཀྱི་སྐྱུག་བྲོ་བའི་བྱ་དངོས་ལ་སུན་འབྱིན་བྱེད་གང་ཐུབ་བྱས་པ་དང་སྐྱོ་གར་འདུ་ཤེས་ཀྱང་ལྡན་འདུག ཚད་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན་བོད་ཀྱི་རྩོམ་རིག་གིས་སེམས་ཁུར་འཆང་ས་སྟེ། “ཇ་ཚྭ་ཁུའི་སྡུག་བསྔུལ”གླེང་བ་འབའ་ཞིག་ལས་རིང་དུ་བརྒལ་ཏེ་ཟབ་ཚད་ངེས་ཅན་ལྡན་ཡོད་པར་སྙམ།

1

《བྱ་ཞིག་ཡིན་ན་བསམས་བྱུང》གི་མི་སྣ་གཙོ་བོ་ནི་དགའ་དགའ་སྟེ། རྒྱུ་འབྲས་བློ་མིག་ལྡན་ཞིང་ཁེར་ཚུགས་ཅན་གྱི་བོད་ཀྱི་ཤེས་ཡོན་པ་ཞིག་ཇི་ལྟར་མུན་ནག་གི་སྤྱི་ཚོགས་ཀྱིས་འཆི་ལམ་དུ་བརྫངས་ཚུལ་བྲིས་ཤིང་། མི་རྐང་བསམ་བློའི་སྐྱོ་གར་འདུ་ཤེས་དང་གདུང་སེམས་ཆེན་པོས་མི་ཚུལ་དོ་ཁུར་དང་དུ་བླངས་ཏེ་ཉམ་ཆུང་བའི་ཤེས་ཡོན་པ་ཞིག་གིས་ཡ་ང་བའི་མུན་ནག་གི་སྤྱི་ཚོགས་འོག་རང་ཉིད་མཆོད་སྦྱིན་བཏང་ཚུལ་ལམ། མི་སྣ་གཙོ་བོ་དགའ་དགའ་སློབ་མཐར་ཕྱིན་ནས་སྤྱི་ཚོགས་ཐོག་ཐོན་པ་དང་རང་སྲོག་བཅད་པའི་བར་ཁོ་ལ་འཕྲད་པའི་དཀའ་ཁག་དང་ཕམ་ཁ་བྲིས་པ་བརྒྱུད་དེ་དེང་གི་དངོས་ཡོད་སྤྱི་ཚོགས་ཀྱི་མུན་ནག་གམ་འདྲ་མཉམ་མིན་པའི་ཆ་སོགས་ཀློག་པ་པོའི་མིག་ལམ་དུ་བསྟར་ཡོད་པ་དང་། ཡང་ན་དངོས་ཡོད་སྤྱི་ཚོགས་ཀྱིས་སྤྲོ་སྣང་ཅན་དང་རྩེད་མཚར་ཅན་གྱི་མི་ཞིག་ཇི་ལྟར་སྡུག་བསྔུལ་ཅན་དང་སྨྲ་བ་ཉུང་བའི་ཁེར་རྐྱང་པ་ཞིག་ཏུ་བཏང་བ་དང་། མཇུག་མཐར་མུན་ནག་སྤྱི་ཚོགས་ཀྱིས་མནར་གཅོད་འོག་འཆི་ལམ་དུ་བརྫངས་བའི་བརྒྱུད་རིམ་བྲིས་ཡོད་པར་སྙམ་ལ། ཡང་ན་འདི་ཙམ་ཁོ་ནའང་མིན་ནོ།།དགའ་དགས་རང་སྲོག་བཅད་པ་ནི་ཐོལ་བྱུང་ཞིག་རྩ་བ་ནས་མིན་པར། རྩོམ་པ་པོས་རྩོམ་གྱི་བྱུང་རིམ་ཀུན་པོ་དགའ་དགའ་རང་སྲོག་གཅོད་པའི་རྒྱུ་རྐྱེན་དུ་བཟུང་ཞིང་། རྩོམ་གྱི་འགོ་མཇུག་ཧྲིལ་པོར་ཐེངས་གཅིག་བཀླགས་ན་རང་དབང་མེད་པར་དགའ་དགས་རང་སྲོག་བཅད་པར་གདུང་སེམས་བཅངས་སུ་བཅུག་ཅིང་། རང་དབང་མེད་པར་ཀློག་པ་པོར་མཉམ་འུར་ལངས་སུ་འཇུག སྤྱིར་དགའ་དགའ་ནི་མི་སྤྲོ་སྣང་ཅན་ཞིག་དང་། མི་རྩེད་མཚར་ཅན་ཞིག་ཀྱང་ཡིན། དེ་ནི“དགའ་དགའ་ཡིས་ཁོའི་གྲོགས་པོ་ཚོར་བཞག་པའི་ཐོག་མའི་བག་ཆགས་རེད”ཅེས་པ་དང་། དགའ་དགའ་ཡིས་སློབ་ཆེན་སྐབས་སུ《མི་རབས་གཅིག》ཅེས་པའི་དུས་དེབ་ཅིག་རྩོམ་སྒྲིག་བྱས་ཤིང་། “མི་རབས་གཅིག་རྩོམ་རིག་ཚོགས་པ”ཞེས་པ་ཞིག་ཀྱང་བཙུགས་མྱོང་། དགའ་དགའ་གྲོང་ཁྱེར་ཆེན་མོ་དེར་སློབ་ཆེན་འགྲིམས་དུས་སྣང་བ་སྐྲ་རྩེར་འཕུར་བཞིན་ཡོད། ཁོའི་སྐྱོ་སྡུག་མ་ལུས་བསྲེགས་ཏེ། ཤུལ་དུ་སྣང་བ་དང་ཕུགས་བསམ་ལས་ཅི་ཡང་ལྷག་མེད། ཁོ་ཐོག་མར《སྐར་ཆེན་ཚགས་པར》གྱི་ཁོངས་མི་རུ་འགྱུར་སྐབས་ཡོད་ཚད་ལ་རེ་བས་ཁེངས་ཤིང་། དབྱར་ཟླ་དྲུག་པའི་ཉིན་མོ་ཞིག་ལ། མི་ཚོགས་བརྒྱ་འདུས་སྟོང་འདུས་ཁྲོད་དགའ་དགའ་ཡིས་རང་ཉིད་ཀྱིས་བྲིས་པའི་གླུ་ཚིག་དབྱངས་སུ་གྱེར་བ་དང་། སྤྲོ་ཚོགས་དེའི་སྟེང་ནས་ཁོས་ཁྲུང་ཁྲུང་དཀར་མོ་ངོ་ཤེས་པ་སོགས་ཀྱིས་མཚོན་ཐུབ། འོན་ཀྱང་དེའི་རྗེས་དགའ་དགའ་ཐོག་དང་པོར་བཅར་འདྲིར་ཕྱིན་ནས་ཕྱིར་ལོག་རྗེས་གསར་འགོད་པ་རྒན་པ་དེས་ཁོའི་གསར་འགྱུར་ལ་ ལས་སྣོན་གང་རུང་དང“གཤག་གཏུབ”བྱས་པ་ནས་བརྩམས་ཏེ། མུན་ནག་གི་དངོས་ཡོད་སྤྱི་ཚོགས་ཀྱིས་ཁོ་རང་ཁྱུར་མིད་དུ་གཏོང་འགོ་བརྩམས་པ་རེད། ཁྲུང་ཁྲུང་དཀར་མོས་དགའ་དགའ་བསྐྱུར་རྗེས་དགའ་དགའི་སེམས་སྐྱ་མོ་ཐང་ལ་ལྷུང་བ་དང་། དགའ་དགའ་ཡིས་མ་ཡུམ་སློབ་གྲྭའི་ནང་ཁ་བྱང་ལ“གསར་འགོད་པའི་རྒྱུ་འབྲས་བློ་མིག”ཅེས་པའི་གཏམ་བཤད་སྤེལ་སྐབས། སློབ་གྲོགས་ཤིག་གིས“ཁྱོད་ཚོས་རྫུན་བཤད་ཀྱིན་འདུག”ཅེས་པ་ཡང་ཁོས་བྲིས་པའི་གསར་འགྱུར་གཅིག་ལ་གསར་འགོད་པ་རྒན་པ་དེས་བཟོ་བཅོས་བརྒྱབ་པ་ཤེས། ཁོས་མཚམས་དེ་ནས་བཟུང་ཚགས་པར་སྟེང་སྤེལ་བའི་རྩོམ་ཞིག་དང་འཐེན་སྒམ་ནང་དུ་འཇུག་པའི་རྩོམ་ཞིག་འབྲི་བའི་འཆར་གཞིའང་བཟོས། དེ་ནས་དགའ་དགའི་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པའི་རྩོམ་ཡིག་དེའང་གསར་འགོད་པ་རྒན་པ་དེས་ལས་སྣོན་བྱས་པ་སྟེ། 《མཁར་གྲོང་གི་འབྲོག་པ་དང་ཁོ་ཚོའི་སྐྱིད་སྡུག》ཅེས་པ《མཁར་གྲོང་འབྲོག་པ་དང་ཁོ་ཚོའི་བདེ་སྐྱིད་ཀྱི་འཚོ་བ》ཞེས་དོན་དངོས་དང་མི་མཐུན་པའི་བསྟོད་གླུ་ལེན་རྐྱང་རྐྱང་གི་རྩོམ་ཡིག་ཅིག་ཏུ་བསྒྱུར་བ་ཡིན་པ་ཤེས། དེ་ནས་ཁང་བདག་མས་ཁང་གླ་འདེད་པ་དང་ཉི་ཁུའི་སྙན་ངག་དཔེ་དེབ་བཀླགས་པ། ཁོས་ཡོད་ཚད་ཀྱི་ཡོད་ཚད་སྙན་ངག་ལ་བཅོལ་ཞིང་། ཁོའི་རང་གཤིས་ཀྱང་དེར་བསྟུན་གྱི་འགྱུར་བ་བྱུང་ནས་མཐར་རང་སྲོག་བཅད་པའི་སྐྱོ་གར་དེ་འཁྲབ། གང་ལྟར་ཀྱང“བརྩམས་སྒྲུང་པ་ནི་གཡོ་སྒྱུ་མཁན་པོ་ཞིག་ཡིན”(小说家是阴谋家)ཞེས་པ་ལྟར། རྩོམ་པ་པོས་བསམ་གཟས་ནས་སྐྱོ་གར་འདི་འདྲ་ཞིག་བྲིས་པ་རེད། སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་རྩོམ་པ་པོས་ཐད་ཀར་མི་སྣར་ཁ་ལོ་མ་སྒྱུར་བར། མི་སྣ་རང་ཉིད་ཀྱི་གཤིས་ཀ་དང་ཧ་ཅང་མཐུན་ཆེ་བའི་སེམས་ཁམས་ཞིབ་འབྲི་བྱེད་པ་སོགས་ལེགས་ཆ་མི་དམན་པ་མང་དུ་མཆིས། པེ་ཅིན་སློབ་ཆེན་གྱི་རྩོམ་རིག་དགེ་རྒན་ཚོའོ་ཝུན་ཞོན་སོགས་ཀྱིས་ནི“གཟུར་གནས་ཀྱི་གསར་རྩོམ”(零度写作)སྟེ་རྩོམ་པ་པོ་རང་ཉིད་ནམ་ཡང་གཟུ་བོར་གནས་ཏེ་སྒྱུ་རྩལ་གྱི་ཡུལ་ཁམས་མངོན་ཆུང་གིས་གསར་སྐྲུན་བྱ་རྒྱུ་ལས་ཡིན་མིན་ལེགས་ཉེས་ཀྱི་བཅད་ཁྲ་སྔོན་དུ་མི་འགྲོ་བའི་ལྟ་བ་བཏོན་ཡོད་པར། བརྩམས་སྒྲུང་ཞིག་ཡིན་ཕྱིན་གཙོ་བོ་མི་སྣ་རང་མཚན་པའི་གཤིས་ཀ་འབྲི་བཞེངས་བྱེད་དགོས་པ་དང་། རྩོམ་པ་པོ་རང་གི་འདོད་མོས་ལྟར་གང་བྱུང་དུ་མི་སྣར་ཚོད་འཛིན་བྱས་ན་ཤིན་ཏུ་མི་ལེགས། བརྩམས་སྒྲུང་འདིས་གནད་དོན་དེའི་རིགས་ཐག་བཅད་པ་ཧ་ཅང་ལེགས། དཔེར་ན་དྲང་ལྡོག་གི་མི་སྣ་སོ་སོར་རང་རང་གི་གཤིས་ཀ་དང་ཤིན་ཏུ་ནས་འོས་འཚམ་ཡིན་ཞིང་། ལྷག་པར་མི་སྣ་གཙོ་བོ་དགའ་དགའ་ཡིས་ཁྱོགས་འཁོར་གླས་ནས་ཁྲུང་ཁྲུང་དཀར་མོ་ར་མདའ་སོང་བའི“ཚུལ་འཆོས”ཀྱི་སྤྱོད་པ་དེས་རྒྱུ་འབྲས་བློ་མིག་གསལ་བའི་ཤེས་ཡོན་པ་དགའ་དགའ་ལ་རྒྱན་ཐོག་རྒྱན་བརྩེགས་ཀྱི“ཞྭ་མོ”བསྐོན་པར་སྔོན་འགོག་ལེགས་པོ་བྱས་འདུག་པར་སྙམ། དེ་མ་ཟད་རྩོམ་འདིའི་ནང་གི་སྙན་ངག་ཚན་པ་དེ་དག་བརྩམས་སྒྲུང་མི་སྣའི་སྐབས་དེའི་སེམས་ཁམས་དང་ཤིན་ཏུ་མཐུན་པ་སོགས་ཀྱིས་རྩོམ་ཧྲིལ་པོར་བདེན་སྣང་གིས་འཁྱུག་པར་བྱེད་ཅིང་། “རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ནོ”ཞེས་པར་ཡང་རྩོམ་ནང་གི་སྙན་ངག་ཚན་པ་དེ་དག་བཀླགས་རྗེས་བསམ་གཞིགས་ཅུང་ཟད་རེ་གཏོང་དགོས་པར་སེམས་སོ།།

2

རྩོམ་པ་པོ་ཁྲི་སེམས་དཔའི་བརྩམས་སྒྲུང་དང་བརྩམས་ཆོས་གང་རུང་བཀླགས་མྱོང་ཞིང་། ཆ་རྒྱུས་ཅུང་ཙམ་ཡོད་པའི་མི་ཞིག་ཡིན་ཚེ། ཐེངས་འདིའི་གླེང་བྱ《བྱ་ཞིག་ཡིན་ན་བསམས་བྱུང》ཀློག་སྐབས་ཐུན་མིན་གྱི་བདེན་སྣང་གིས་ཡིད་སེམས་རབ་ཏུ་འཕྲོག་སྲིད། དབུགས་ཐེངས་གཅིག་གིས་རྩོམ་ཡིག་ཧྲིལ་པོ་ཧར་གྱིས་བཀླགས་ན། བརྩམས་སྒྲུང་གི་མི་སྣ་གཙོ་བོ་དགའ་དགའ་ནི་རྩོམ་པ་པོ་ཁྲི་སེམས་དཔའ་དངོས་ཡིན་པའི་སྣང་བ་དབང་མེད་དུ་སྟེར་པ་དང་། མཇུག་མཐར་དགའ་དགའི་ཡིད་ལ་སྔས་འོག་གི་གཉིད་སྨན་དེ་དྲན་ཞེས་པར་ཐོན་སྐབས། སེམས་ན་བཟོད་ཐབས་བྲལ་བའི་ན་ཟུག་ཅིག་གིས་སྙིང་གསོན་པོ་དུམ་བུར་གཏོང་སྲིད་ལ། ལོ་རྒྱུས་སྟེང་གི་དཔལ་དོན་གྲུབ་རྒྱལ་གྱི“སྐྱོ་གར”ཡང་ཡིད་ལ་རང་དབང་མེད་པར་ཤར་ཅིང་། འདི་ནི་བརྩམས་སྒྲུང་ཞིག་ཡིན་པའང་རེ་ཞིག་བརྗེད་ངེས་པར་སྲིད། བརྩམས་སྒྲུང་འདིའི་འགོ་ཚུགས་མ་ཐག་གི་ཁོར་ཡུག་ཞིབ་འབྲི་དེ་ཡིས་ཀྱང་རྩོམ་པ་པོ་ཁོ་རང་ད་ལྟའི་སྡོད་གནས་ཏེ། གནའ་མཁར་ཟི་ལིང་གྲིང་ཁྱེར་གྱི་མཐའ་འཁོར་ཡིན་པ་ཤེས་ཐུབ་ལ། རྩོམ་ནང་ཁོས་མ་ཡུམ་སློབ་གྲྭ་ནང་སྤེལ་བའི་གཏམ་བཤད་དང་དེ་གར་སློབ་གྲོགས་ཤིག་གིས“ཁྱོད་ཚོས་བརྫུན་བཤད་ཀྱིན་འདུག”ཅེས་པ་དང་། 《མཁར་གྲོང་གི་འབྲོག་པ་དང་ཁོ་ཚོའི་སྐྱིད་སྡུག》 《ལྷོ་ཕྱོགས་གཟའ་མཇུག་ཚགས་པར》ལྟ་རྒྱུར་དགའ་བ་སོགས་ལས་འདི་ནི་རྩོམ་པ་པོའི་ཉམས་མྱོང་དངོས་ཡིན་པར་གོང་བརྗོད་བཞིན་ཁོའི་བརྩམས་ཆོས་གཞན་པ་བཀླགས་མྱོང་བའི་མི་ཞིག་ཡིན་ན་ལམ་སང་ཤེས་ཐུབ། སྒྲུང་གཞུང་དུ་བཤད་པའི“བརྩམས་སྒྲུང་གིས་བདེན་པ(真实)མཚོན་དཀའ་ཡང་བདེན་སྣང་ཅན(真实性)ཞིག་བསྐྲུན་དགོས་པ་ཡིན”བྱ་བར་ཡང་ཡོངས་སུ་མཐུན་པར་སྙམ། སྤྱིར་བརྩམས་སྒྲུང་ནི་རྟོག་བཟོས་གྲུབ་ཅིང“བརྩམས་སྒྲུང་པ་ནི་རྫུན་གཏམ་མཁན་པོ”ཞིག་ཡིན་ཞེས་པར་དེང་གི་དུས་ལ་དངོས་སུ་ཁས་ལེན་ཚར་བས་རྩོམ་པ་པོའི་བྲིས་པ་དེ་དོན་དངོས་དང་བདེན་པ་ཡིན་མིན་ནི་ཁོ་བོར་ཁས་དེ་ཙམ་མི་འཆེས་མོད། འོན་ཀྱང་ངས་བརྗོད་འདོད་པ་ནི་རྩོམ་པ་པོ་ཁྲི་སེམས་དཔའི་བརྩམས་ཆོས་དེ་ནི་ཁོའི་ཉམས་མྱོང་དངོས་ལས་བྱུང་བ་རེད་ཅེས་པ་དང་། ཁོའི་བརྩམས་སྒྲུང་བཀླགས་པའི་ཚེ་ན་ང་ཚོར་བློ་སྐྱེད་འདི་འདྲའང་སྦྱིན་ཏེ། ཅི་ཞིག་ལ་བརྩམས་སྒྲུང་ཟེར་ཞེ་ན། བརྩམས་སྒྲུང་ནི་རང་གི་ཉམས་མྱོང་ཡི་གེར་འགོད་པའི་རྣམ་པ་ཞིག་ལ་ཟེར། དེ་ནི་བརྩམས་སྒྲུང་གི་མ་མཐའི་ཆ་རྐྱེན་དུ་འདོད་པས། ང་ཚོས་རང་གི་ཉམས་མྱོང་བསྐྱུར་ནས་གཞན་ཞིག་འབྲི་འདོད་པ་ནི་གསེར་གྱི་ཅ་ནེ་བཟུང་ནས་ཟས་སློང་བའི་དཔེ་རུ་འགྲོའོ།། བརྩམས་ཆོས་དེ་ལས་ང་ཚོའི་རབས་གསར་པའི“བརྩམས་སྒྲུང་པ”ཞིག་གི་འཚོལ་སྙེག་དང་གསར་རྩོམ་གྱི་རྣམ་འགྱུར་མཐོང་ཐུབ་སྟེ། དགོས་མེད་ཀྱི་ཞིབ་འབྲི་སྤངས་ཤིང་སྒྲིག་གཞི་ཚགས་དམ་པ་སྟེ་སྒྲུང་ཐུང་གི་ཆ་རྐྱེན་དང་བསྟུན་ཅི་ཐུབ་ཀྱིས་རང་གི་རྩོམ་འབྲིའི་ཡོན་ཏན་མཚོན་པར་བྱས་འདུག་ཅིང་། བཀླགས་པའི་ཚེ་ན་མིའི་གཉུག་ཤེས་དང་མི་གཤིས་ཀྱི་ཆེས་ཟབ་སའི་ཉམ་ཉེས་བསྟན་འདུག་པར་མ་ཟད། སྒེར་གཅོད་དང་མུན་ནག་གི་སྤྱི་ཚོགས་འོག་གི་མི་དང་མིའི་བར་གྱི་འབྲེལ་བ་དང་གཞན་དབང་གི་སྒྲོག་འོག་ཏུ་ཚུད་པའི་མི་གཤིས་ཀྱི་འཁྱོག་བསྒྱུར་ནི་ཡ་ང་ཞིང་ཡིད་སྐྱོ་བ་ཞིག་ཏུ་མཐོང་། སྤྲོ་སྣང་དང་རྩེ་མཚར་གྱིས་ཕྱུག་ཅིང་རྒྱུ་འབྲས་བློ་མིག་ཅན་གྱི་མི་སྣ་དགའ་དགའ་ཡང་མུན་ནག་གི་འཚོ་བའི་དཀའ་སྡུག་ཁྲོད་ནས་བྱ་སྒོང་རྡོ་ལ་བརྡབ་པ་བཞིན་ཆག་གྲུམ་བྱུང་ཞིང་། དཀའ་ཁག་རབ་དང་རིམ་པ་བརྒྱུད་མཐར་ང་ཚོར་འཇིགས་རུང་གི་ཁ་ཕྱོགས་ཤིག་མི་བསྟན་ཐབས་མེད་བྱུང་བའམ་དུས་རབས་ཀྱི་སྐྱོ་གར་ཞིག་འཁྲབ་སྟོན་བྱས་ཡོད། འདི་ནི་དེང་གི་ང་ཚོ་སུ་ཡིན་རུང་བརྒྱུད་དང་བརྒྱུད་བཞིན་པའི་འཚོ་བའི་རང་མདངས་དངོས་དེ་ཡིན་པས་ཡིད་ལ་ཙག་ཤེད་ཅིག་ངང་ཤུགས་སུ་རྒྱུག་སྲིད། དོན་དམ་དུ་ང་ཚོའི་ཉེ་འཁོར་དུ་སྣང་ཚུལ་དེ་དག་ལ་གདོང་གཏོད་ཐུབ་མཁན་གྱི་མི་བུ་ག་ཚོད་ཡོད་པ་དང་། རང་ཉིད་མཆོད་སྦྱིན་བཏང་ནས་དེ་དག་ལ་གསལ་འདེབས་བྱེད་ནུས་མཁན་གྱི་མི་བུ་ནི་དེ་བས་ཀྱང་ག་ཙམ་ཞིག་ཡོད་ཨང་།ཆེད་དུ་གླེང་རིན་ཡོད་པ་ཞིག་ལ་ཁྲི་སེམས་དཔའི་བརྩམས་སྒྲུང་ནི་དེང་གི་བོད་ཀྱི་ན་གཞོན་རྩོམ་པ་པོའི་ཁྲོད་ཀྱི་སྤྱི་ཚོགས་འགན་འཁྲི་ཡལ་བར་དོར་ཞིང་བར་སྣང་གི་སྒྱུ་རྩལ་གྱི་ཕོ་བྲང་ཁོ་ན་བསྙེག་པའི་རྩོམ་པ་པོའི་གྲས་དང་མི་འདྲ་ལ། བོད་ཀྱི་དངོས་ཡོད་སྤྱི་ཚོགས་དང་རྩོམ་རིག་རང་སྟེང་གི་སྒྱུ་རྩལ་མཛེས་བ་གཉིས་རེ་འཇུ་རེ་གཏོང་གི་སྦྱོར་བ་བརྩམས་པ་དང་ཡང་མི་མཚུངས་ཤིང་། བོད་ཀྱི་རིག་གནས་དང་གོམས་སྲོལ། ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་སོགས་ལ་ལོག་འགྲེལ་དང་མཁྱོག་བརྗོད་བྱེད་པར་ལའང་མ་གོམས་ཏེ། ཁོང་ནི་དེང་གི་བོད་ཀྱི་སྐྱ་ཆད་སྔོ་སྡུག་གི་དམིགས་བསལ་གནས་བབ་འདི་གཞིར་བཞག་གི་སྟེང་། རྩོམ་རིག་དངོས་ཀྱི་རང་མདངས་ཀྱང་མ་ཤོར་བར། དངོས་གནས་རྣམ་དཔྱོད་ཅན་གྱི་རྩོམ་པ་པོ་ཞིག་རེད་སྙམ་ལ། བརྩམས་སྒྲུང་འདི་ལྟ་བུས་སྐབས་སུ་བབས་པའི་བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ་འདིར་ཐག་གཅོད་ལེགས་པར་བྱས་ཡོད་པ་དང་། བོད་ཀྱི་ན་གཞོན་རྩོམ་པ་པོ་རྣམས་ལ་མིག་དཔེ་ལེགས་པོ་ཞིག་བསྟན་འདུག་ཅེས་རྩོམ་པ་པོ་ལ་རྗེས་སུ་ཡི་རང་བྱ་འོས་སྙམ་པའི་མུར། དེང་ཕྱིན་ཆད་ཀྱང་བརྩམས་ཆོས་དེ་འདྲ་མུ་ནས་བརྩམ་གནང་ཡོང་བའི་སྨོན་འདུན་དང་བཅས་རེ་ཞིག་རྫོགས་ཁུལ་བྱས་སོ། །

མཆན།

1 曹文轩《小说门》,北京作家出版社2003年1月出版,P102

2 曹文轩《小说门》,北京作家出版社2003年1月出版,P209

3 曹文轩《小说门》,北京作家出版社2003年1月出版,P120

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།