བོད་ཡིག་གི་གསལ་བྱེད་སུམ་ཅུའི་མཐའ་མ“ཨ”ལ་རོབ་ཙམ་དཔྱད་པ།

(1)མཁས་པ་སྔ་མ་རྣམས་ཀྱི་བཞེད་པ།

①གསལ་བྱེད་ཀྱི“ཨ”།

དེ་ཡང་སུམ་ཅུ་བའི་རྩ་བ་ལས“ཨ་ལཱི་གསལ་བྱེད་ཨི་སོགས་བཞི”ཞེས་བོད་ཡིག་གི་དབྱངས་ལ་བཞིར་གྲངས་བཅད་པར་བལྟས་ན།  “ཨ”ནི་དབྱངས་སུ་མི་འདུ་བ་ཕྱི་མོའི་དགོངས་པ་ཡིན་པར་འདོད། དེ་མིན་ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི<<ཡི་གེ་བཤད་པ་མཁས་པའི་ཁ་རྒྱན>>ཞེས་པ་རུ། “དབྱངས་དང་བོ་ཨ་ཡིག་དགོས་དབང་གིས་གསལ་བྱེད་དུ་བསྲེས་ནས།  ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་བོད་སྐད་དུ་གུག་གུ་ཞབས་ཀྱུ་འགྲེང་བུ། རྣ་རུ། ཞེས་ཐ་སྙད་བཏགས་ནས་དབྱངས་ཡིག་བཞིར་མཛད་དོ། །” [14]ཞེས་གསུངས་པར་གཞི་བཅོལ་ཚེའང་རྒྱ་གར་སྐད་དུ“ཨ”དབྱངས་སུ་རུང་ཡང་།  བོད་སྐད་དུ་དགོས་དབང་གིས་གསལ་བྱེད་དུ་བྱས་པར་འདོད།  ཡང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི<<གསེར་ཏོག་སུམ་རྟགས>>སུ།  “ཨི་ཐུ་བ།  ཨུ་ཧུ་ལགས།  ཨེ་མ།  ཨོག་དཀར་ཞེས་པ་རྣམས་ཀྱིས་བརྗོད་དོན་མི་སྟོན་ནམ་སྙམ་ན་སྐྱོན་མེད་དེ།  དེ་རྣམས་གསལ་བྱེད་སུམ་ཅུ་བ་ཨ་ཡིག་ལ་དབྱངས་ཨི་སྟེ་གུག་གུ་སོགས་རྐྱེན་ནམ་ཡན་ལག་ཏུ་ཞུགས་པས་བརྗོད་པ་སྟོན་པ་ལས་དབྱངས་རང་སྟོབས་ཀྱིས་མ་ཡིན།”[15]ཟེར་ནས“ཨ”ཞེས་མིང་གིས་བཟུང་ནས་གསལ་བྱེད་ཡིན་པར་གསུངས།  ཨ་ལག་ཚེ་ཏན་ཞབས་དྲུང་མཆོག་གི<<ཐོན་མི་ཞལ་ལུང>>ལས“བོད་ཀྱི་ཨ་ཡིག་ནི་ཡི་གེ་གཞན་གྱི་སྲོག་ཏུ་འཇུག་པ་མེད་པ་དང་གི་གུ་ཞབས་ཀྱུ་ལྟར་སྦྱོར་ས་མེད་པས་དབྱངས་ཀྱི་གྲས་སུ་འཇོག་མི་འོས།  དབྱངས་གསལ་གཉིས་མ་ཡིན་པའི་ཡི་གེ་ཕུང་གསུམ་པ་ཞིག་མེད་པས་གསལ་བྱེད་ཀྱི་གྲས་སུ་འཇོག་པ་ལས་འོས་མེད།” [16]ཞེས་དང་། “གསལ་བྱེད་ཀྱི་གྲས་སུ་ཨ་དང་ཝ་ཡིག་སོགས་མི་བརྩི་བའི་ལོག་རྟོག་བཟློག་དགོས་ལ།  ཀཱ་ལི་སུམ་ཅུ་ཐམ་པར་གྲངས་བཅད་པ་ནི་ལོག་རྟོག་བཟློག་པའི་གྲངས་ངེས་ཡིན” [17]ཞེས་པས་ཀྱང་ཨ་ཡིག་གསལ་བྱེད་ཀྱི་གྲས་སུ་བསྡུ་དགོས་པའི་དགོངས་པ་བསྟན།  ཀརྨ་སུ་ཏུས་མཛད་པའི<<མུ་ཏིག་ཕྲེང་མཛེས>>ཞེས་པར། “བརྗོད་དུ་མེད་པའི་སྲོག་མེད་རྐྱང་བ་འདིར་མི་འདོད་ཅིང་ཨ་ཡིག་དེ་ཀ་ལ་སོགས་པར་ཞུགས་པའི་ཐ་སྙད་བྱར་མེད་པས་དེ་དག་ལ་ཨཱ་ལིའི་བྱ་བ་གསལ་བར་བྱེད་མ་ནུས་པའི་ཕྱིར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པར་མཛད་པ་ཡིན་ནོ། །”ཞེས་བཀོད་པས་ཀྱང་ཨ་ཡིག་གསལ་བྱེད་དུ་བསྒྲུབས་ཡོད་དོ། །  གོང་གི་མཁས་པ་འདི་དག་གིས་གཙོ་བོར་སུམ་ཅུ་བའི་རྩ་བར་བསྟན་པའི“ཨཱ་ལི་གསལ་བྱེད་ཨཱི་སོགས་བཞི། །”ཞེས་པར་ཁུངས་གཏུགས་ཏེ་རང་གི་ལྟ་བ་བསྒྲུབས་ཤིང་། བོད་སྐད་ལ་སྲོག་ཞུགས་ཀྱི་རྣམ་གཞག་མེད་པས་ཨ་ཡིག་དབྱངས་སུ་མི་འདོད་ལ།  དམིགས་བསལ་བོད་ཀྱི་སྐད་ཕལ་ཆེ་བའི་གདངས་ནི་རིང་ཆ་ཅན་ཡིན་པས་ཡི་གེ་ཐམས་ཅད་ཀྱི་མཐར་འ་མཐའ་སྦྱོར་དགོས་པས་ཀྱང་དབྱངས་སྲོག་ཞུགས་ཀྱི་ནུས་པ་ཐོན་ཡོད་པར་འདོད་བཞིན་ཡོད་དོ། །

②དབྱངས་ཀྱི“ཨ”།

ཁ་ཅིག་གིས“ཨ”ཡིག་གསལ་བྱེད་དུ་འདོད་པའི་ཕན་ཆད་ལ་དབྱངས་ཀྱི་གྲས་སུའང་འཇོག་སྟེ།  དེ་ཡང<<གསེར་ཏོག་སུམ་རྟགས>>སུ། “བོད་ཀྱི་སྐད་བྱིངས་ཀྱི་ཨ་ཡིག་ནི་གསལ་བྱེད་ཡིན་པར་མ་ཟད།  གསལ་བྱེད་གཞན་རྣམས་ཀྱི་སྒྲའི་གདངས་བརྗོད་པ་ལ་ཕན་འདོགས་པར་ནུས་པས་དབྱངས་དངོས་ཀྱང་ཡིན།”ཞེས་དང་། “མ་ཞེས་དབྱངས་ཨའི་གདངས་ཀྱིས་ཡི་གེ་བརྗོད་པ་དང་།” [18]ཞེས་བྲིས་འདུག་པར་བལྟས་ན།  ཁོང་གི་དགོངས་པ་ནི་ཨ་ཡིག་ནི་དབྱངས་གསལ་གཉིས་ཆོད་ཡིན་ཞེས་པ་དེ་རེད།   གཞན་ཡང་།  ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བསྟན་བཅོས་མཁས་པའི་ཁ་རྒྱན>>ལས།  “དེ་ལ་དང་པོར་དབྱངས་རྣམས་ནི་ལྔའོ། །  ཨ་ཡིག་བོར་བ་རྣམས་ནི་འདི་ཡན་ལག་གོ །”ཞེས་གསུངས་ཡོད་པས།  ཁོང་གིས་ཀྱང་བོད་ཀྱི་དབྱངས་ཡིག་ལ་ཨ་འདུ་བའི་གྲངས་ལྔ་ཡོད་པར་བཞེད་ཡོད།  མཁས་དབང་བསྟན་དར་ལྷ་རམས་པའི<<སུམ་རྟགས་འགྲེལ་བ>>ལས།  “ལྷག་མ་ཉི་ཤུ་རྩ་དགུ་ནི། །  ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །  ཨ་ཡང་དབྱངས་སུ་འདུ་བར་འདོད། །” [19]ཅེས་ཨ་ཡིག་དབྱངས་སུ་རུང་བར་གསུངས།  དེ་མིན།  ཨ་ཡིག་དབྱངས་སུ་སྒྲུབ་ཚུལ་ལ་མཁས་པ་གཞན་འགའ་ཞིག་གིས་སློབ་དཔོན་ཐོན་མིས་མཛད་པའི་ཡིག་ཕུད། “ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །  གདམས་ངག་ཟབ་ལ་མ་ཆད་ཐ་དད་དང་། །  ལས་ངག་བག་ཆགས་ཐམས་ཅད་བསལ་མཛད་པ། །  འཕགས་པ་མ་ཕམ་ཡང་དག་དམ་པ་ལ། །”ཞེས་པའི་ཚིགས་བཅད་འདི་དབྱངས་ཨ་ངེས་པར་བརྩམས་པ་ཡིན་ཞེས་རྟགས་སུ་བཀོད་ནས“ཨ”དབྱངས་སུ་སྒྲུབ་བཞིན་མཆིས་སོ། །  མཁས་དབང་འདི་རྣམས་ཀྱིས“ཨ”ཞེས་པ་ནུས་པ་གཉིས་ལྡན་ཅན་ཡིན་པར་འདོད་བཞིན་ཡོད་དེ།  དབྱེ་ན་སྲོག་ཞུགས་ཀྱི་དབྱངས“ཨ”དང་ཀ་ཕྲེང་གི་སུམ་ཅུ་པ་གསལ་བྱེད་ཀྱི“ཨ”གཉིས་ཡོད་པར་གསུངས།  སྤྱིར་ཡི་གེ་གང་ཞིག་གཞི་གཅིག་གི་སྟེང་དུ་དབྱངས་ཀྱང་ཡིན་ལ་གསལ་བྱེད་ཀྱང་ཡིན་པ་ཞིག་ཡོད་མི་སྲིད་པ་ནི་འཇིག་རྟེན་དུ་ཕོ་ཡང་ཡིན་ལ་མོ་ཡང་ཡིན་པའི་གང་ཟག་ཅིག་འབྱུང་རྒྱུ་མེད་པ་བཞིན་ནོ། ། ཡིན་ནའང་།  “ཨ”ཞེས་པའི་གཟུགས་འདི་ལ་དབྱངས་མཚོན་བྱེད་ཀྱི་སྐབས་ཤིག་དང་གསལ་བྱེད་ཀྱི་མཚོན་བྱེད་ཀྱི་དུས་ཤིག་ཡོད་རུང་སྟེ།    གང་ཟག་ཕོ་ཡིས་མོ་ལས་ཙམ་སྒྲུབ་ཆོག་ལ། དེ་བཞིན་གང་ཟག་མོ་ཡིས་ཕོ་ལས་ཙམ་སྒྲུབ་ནུས་པ(男女角色互换现象)ལྟར་རོ། ། ཡིན་ནའང“ཨ”ཡི་རང་བཞིན་ལ་འགྱུར་དུ་མེད་པ་ནི་ཕོ་མོའི་རང་བཞིན་ལ་འགྱུར་རྒྱུ་མེད་པ་དང་གཉིས་སུ་མ་མཆིས་སོ། །

③ང་རོའི“ཨ”།

ཡང་ཁ་ཅིག་གིས་ཨ་ཡིག་ང་རོའི་གྲས་སུ་བགྲང་བཞིན་ཡོད་དེ།  ཨ་ལག་ཤ་ངག་དབང་བསྟན་དར་གྱི<<ཡི་གེ་བཤད་པ་མཁས་པའི་ཁ་རྒྱན>>ཞེས་པ་རུ། “བོད་ཡིག་གི་ང་རོའི་རྩ་བ་གསུམ་ཡོད་དེ།  ཧ་དང་ཨ་དང་འ་གསུམ་མོ། །  ཁོག་པ་ནས་ཤུགས་བསྐྱེད་དེ་གདོན་པར་བྱ་བའི་ཡི་གེའི་རྩ་བ་ནི་ཧ་ཡིག་གོ །  མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་གདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་གོ །  མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་གདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་ཡིན་པས།  ཧ་ཨ་འ་གསུམ་ལ་ང་རོའི་རྩ་བ་གསུམ་མོ། །” [20]ཞེས་གསུངས་ཏེ།  ཨ་ཡིག་ང་རོའི་གྲས་སུ་བཞག་ཡོད།  <<གསེར་ཏོག་སུམ་རྟགས>>སུའང་། “ཨ་ཧ་འ་ནི་རྩ་བའི་ང་རོ་གསུམ་མོ། །” [21]ཞེས་ཨ་ཡིག་ང་རོའི་གྲས་སུ་བགྲང་ཡོད་དོ། ། འདི་ནི་གཙོ་བོ་གསལ་བྱེད་དག་གི་སྒྲ་གདངས་ཀྱི་ཁྱད་ཆོས་མཚོན་བྱེད(语音特征)དུ་ཐབས་ཀྱི་སྒོ་ནས་བཞག་པ་མ་གཏོགས། དེ་དག་གི་རང་བཞིན་ང་རོ་ཡིན་པར་གོ་མི་རུང་ངོ་། ། གཤམ་ནས་རང་ལུགས་མདོ་ཙམ་གཞག་པར་བྱ།

(2)རང་ལུགས་གཞག་པ།

 དེ་ཡང་མི་རིགས་གང་ཞིག་གི་སྐད་བརྡ་ལ་བློ་འཇུག་དུས།  ཁུངས་གཏུག་ས་ནི་མི་རིགས་དེའི་སྐད་བརྡའི་རྩ་བའི་གཞུང་ལུགས་ལ་བྱས་ན་འོས་སྙམ།  ཡིན་ནའང་།  སྐད་ཆ་ནི་འགྱུར་བའི་རང་བཞིན་ཅན་ཡིན་པས། སྔ་མའི་བརྩམས་པའི་བརྡ་སྤྲོད་ཀྱི་ཕྱི་མོ་འབའ་ཞིག་ལ་གཞི་མི་བཅོལ་བར། སྐབས་ཐོག་དེའི་སྐད་ཆ་དངོས་ལ་བབས་ནས་དབྱེ་ཞིབ་བྱས་ན་འཁྲུལ་བ་དེ་ཙམ་མེད་འདོད་དོ། ། དཔེར་ན།  སློབ་དཔོན་ཐོན་མིས་བོད་ཡིག་ལ་དབྱངས་བཞིར་གྲངས་བཅད་ནའང་།  དུས་ད་ལྟར།  བོད་སྐད་ཀྱི་སྒྲ་གདངས་ལ་འཕེལ་འགྱུར་མང་དུ་བྱུང་བས།  སྔོན་གྱི་གསལ་བྱེད་ཀྱི་སྒྲ་ལ་ལ་ཞིག་ཉམས་ཤིང་།  དེའི་ཚབ་ཏུ་དབྱངས་གཞན་ཞིག་བསྐྱེད་ལ།  དབྱངས་འགའ་ཞིག་ཀྱང་ཟུར་ཆག་པ་དང་།  དེའི་དོད་དུ་གདངས་གཞན་ཞིག་སྐྱེ་བས།  བོད་ཀྱི་ཡུལ་སྐད་སོ་སོར་དབྱངས་བཞིའི་གྲངས་མ་ངེས་སོ། ། དཔེར་བརྗོད་ན། “གོས”ཞེས་པར་ཡིག་སྲོལ་ལྟར་ནgosཞེས་པའི་སྒྲ་ཐོན་དགོས་ཀྱི།  ད་ལྟ་ཨ་མདོའི་སྐད་དུ་རྗེས་འཇུག“ས”ཡི་སྒྲ་ཉམས་ནས་དེའི་ཚབ་ཏུ་དབྱངས་གསར་བ/ø/ཞེས་པ་ཞིག་སྐྱེ་སྟེkøཞེས་ཀློག་བཞིན་ཡོད་ལ།  “གད”ཅེས་པས་ཡིག་སྲོལ་ལྟར་ནgadཞེས་པའི་སྒྲ་འབྱིན་དགོས་ཀྱི།  ད་ལྟ་རྗེས་འཇུག“ད”ཡི་སྒྲ་བོར་ནས་དེའི་དོད་དུ་དབྱངས་གསར་བ/ɛ/ཞེས་པའི་སྒྲ་ཞིག་བྱུང་བ་ལྟ་བུའོ། །  དེ་བཞིན“ཨ”ཡིག་ལའང་སྒྲ་སྣ་ཚོགས་ཤིག་ཡོད་ལ་ཡོད་ཀྱང་རུང་།  ཡིན་ནའང་།  སློབ་དཔོན་ཐོན་མས་མཛད་པའི“ཨ”ཡིས་དབྱངས་ཀྱི་སྒྲ་མཚོན་ནམ་གསལ་བྱེད་ཀྱི་སྒྲ་མཚོན་ཞེ་ན།  རྩ་བ་ལས“ཀཱ་ལི་སུམ་ཅུ་ཐམ་པའོ། །”ཞེས་པ་ནང་བཞིན་གསལ་བྱེད་ཀྱི་སྒྲ་ཞིག་མཚོན་བཞིན་ཡོད་པ་བསྙོན་དུ་མེད་པར་འདོད། འོ་ན་ཅིའི་ཕྱིར་ཕྱི་མའི་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་བྱུང་ཞེ་ན།  གཅིག  ཁ་ཅིག་གིས་བོད་ཀྱི་ཀ་སོགས་གསལ་བྱེད་ཉེར་དགུ་ལ་དབྱངས་ཀྱི་གདངས་མ་ཞུགས་ཚེ་བརྗོད་དུ་མེད་ཅེས་པར་ཁག་བཞག་ཅིང་།  ཨི་སོགས་མ་ཞུགས་པའི་སྐབས་ལ“ཨ”ལྟ་བུ་ཞིག་སྲོག་ཏུ་ཞུགས་དགོས་པར་འདོད་དེ།  ཨ་ཡིག་དབྱངས་སུ་བྱས།  དོན་དུ་འདིར་བསྟན་གྱི་སྲོག་ཏུ་ཞུགས་པའི་དབྱངས་ཞེས་པ་ནི་ཐོན་མིས་གསལ་བྱེད་དུ་བཞག་པའི“ཨ”མིན་པར་སྙམ་ལ།  ཡིན་ན་གསལ་བྱེད་ཡི་གེ་གཅིག་ལ་སྲོག་ཏུ་ཞུགས་པའི་དབྱངས“ཨ”དང་གཅིག  དེའི་རྗེས་སུ་གཞི་ནས་ཡོད་པའི་དབྱངས་འཇུག(韵尾)གི་གོ་ཆོད་ཅིང་རིང་ཆ་ཅན་མཚོན་བྱེད་ཀྱི་དབྱངས/a/“འ”དང་གཉིས་བཅས་གསལ་བྱེད་གཅིག་ལ་དབྱངས་གཉིས་འབྱུང་བའི་སྐྱོན་ཕོག་སྲིད་དོ། །  ཁོ་བོས་བལྟས་ན།   བོད་ཀྱི་གསལ་བྱེད་ཡི་གེ་ལ་དབྱངས་ཨི་སོགས་བཞི་མ་ཞུགས་ཚེ།  ཀ་སོགས་འགྲུབ་པ་མཚོན་ཕྱིར་གྱི་སྲོག་ཏུ་ཞུགས་པའི་དབྱངས/a/འམ/ᴀ/ /ɑ/ /ɐ/སོགས་ཅི་རིགས་ཤིག་ངེས་པར་དུ་ཡོད་དགོས་འདོད་ནའང་།  བོད་ཡིག་གི་གསལ་བྱེད་ཀྱི་གྲས་སུ་བཞག་པའི“ཨ”མིན་པར་སྙམ།  དེ་ལས“རྗེས་འཇུག་བཅུ་བོ་མ་ཞུགས་ན། །  མིང་གཞན་སྦྱོར་བ་ཡོད་མི་སྲིད། །”ཞེས་པ་དང་།  གསལ་བྱེད་ཡི་གེ་གང་ལ་དབྱངས་ཀྱི་ཡི་གེ་མ་སྦྱར་ཚེ་སྒྲ་འདོན་དུ་མེད་ཅེས་པ་གཉིས་ཀྱི་བསྟན་བྱ་གཅིག་ལ་གཞོལ་བར་གཞི་བཅོལ་ནས།  རྗེས་འཇུག/a/“འ”འདིར་དབྱངས་འཇུག(元音韵尾)/a/འམ/ᴀ/ /ɑ/ /ɐ/སོགས་ཀྱི་ནུས་པ་ལྡན་པར་གོ་བ་བླངས་ན་འགལ་བ་ཅུང་ཆུང་སྙམ།  ཡང་ལ་ལས“ཨ་ཕ”དང“ཨ་མ” “ཨ་ལག” དེ་བཞིན་རྒྱའི་སྐད་ཀྱི“阿爸” “阿杜”སོགས་ཀྱི་སྔ་མ་སྔ་མ་དེ་དབྱངས/a/ཁོ་ནར་གོ་བ་བླངས་ནས།  དབྱངས་འབའ་ཞིག་གིས་སྒྲ་ཚིགས་གཅིག་བསྒྲུབས་པར་འདོད།  དོན་དུ་སྒྲ་གདངས་ཀྱི་ངོས་ཐད་ནས(语音学意义上)དེ་ལྟ་མིན་ཏེ། འདི་དག་གི་ཚེག་ཁྱིམ་སྔ་མའི་སྒྲ་ནི་གསལ་བྱེད་འགག་སྒྲ/ʔ/དང་དབྱངས/ɑ/གཉིས་འཕྲད་ནས་ཐོན་པ། ʔa pha  ʔa ma  ʔa lak  ʔa⁵⁵pa⁵¹ ʔa⁵⁵ma⁵⁵སོགས་སོ། ། དཔེར་ན། རྒྱའི་སྐད་ཀྱི(乌鸦wu ya)ལྟ་བུ་མཚོན་ན་ཡི་གེའི་རིག་པའི་ངོས་ཐད(文字学意义上)ནས(u ia)ཞེས་ཀྱང་བྲི་ཆོག་ལ།  ངག་ནས་ཀློག་ཚེ་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་བར་སྒྲ་ཙམ་དང་ང་རོ་ཙམ་ནསu⁵⁵ia⁵⁵ཞེས་མི་ཀློག་པར་གསལ་བྱེདwདངy ʔཅི་རིགས་ལ་བསྟེན་ནསwu⁵⁵ja⁵⁵ ཞེས་སམ ʔu⁵⁵ja⁵⁵ཞེས་ཀློག་བཞིན་ཡོད་དོ། །  དེ་བས་བོད་ཀྱི“ཨ”ལ་དབྱེ་ཞིབ་བྱེད་དུས་ཀྱང་སྒྲ་གདངས་རིག་པའི་ངོས་ཐད་ཀྱི“ཨ”དང་ཡི་གེ་རིག་པའི་ངོས་ཐད་ཀྱི“ཨ”གཉིས་བཀར་ནས་བློ་བཅུག་ན་གོ་བ་རྒྱ་ཆེར་བསྐྱེད་སྙམ་མོ། །  དེ་མིན།  གལ་ཏེ“ཨ”ཡིག་ནི་རྣམ་པ་གཅིག་ཏུ་དབྱངས་ཡིག/a/ལ་འདོད་ན།  ཨི་ཨུ་ཨེ་ཨོ་སོགས་ལ/ai/ /au/ /ae/ /ao/ཞེས་དབྱངས་ཡིག་སྦྲགས་མ་ཐོན་དགོས་པའི་སྐྱོན་ཡང་ཕོག་སྲིད་དོ། །  གཉིས།  ཡང་དུ་མས་བོད་ཀྱི“ཨ”རྩ་བའི་ང་རོར་འདོད་པ་ནི།  ཀ་སོགས་སུམ་ཅུའི་སྒྲ་གདངས་ཀྱི་ཁྱད་ཆོས་གཙོ་བོ་མཚོན་པར་བྱས་པ་ཡིན་གྱི།  “ཨ”ཡི་རང་བཞིན་ང་རོར་འདོད་པ་མིན་ཏེ། དཔེར་ན།  ཨ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་དམ་ཞིང་སྒྲ་དྲག་པའི་ཚུལ་གྱིས་དབུགས་སྟོབས་ཆུང་བར་གདོན་པའི་ཡི་གེ་ནི།  ཀ་ཅ་ཏ་པ་ཙ་རྣམས་དང་།  ཧ་ཡིག་གི་སྒྲའི་ཆ་དང་ལྡན་པའི་ཡི་གེ་ནི།  ཁ་ཆ་ཐ་ཕ་ཚ་རྣམས།  འ་ཡིག་གི་སྒྲའི་ཆ་དང་ལྡན་པའི་ཡི་གེ་ནི།  ག་ཇ་ད་བ་ཛ་ཝ་ཞ་ཟ་ཡ་ར་ལ་ས་རྣམས་སོ། །  དེ་བས་འདི་དག་གི་མཚོན་ཐབས་ལ། ཀཨ་ཁཧ་གའ་ངའ། ཞེས་རིགས་ལམ་སོང་ནའང་མི་གནོད་དེ།  སྔོན་གྱི་ཡིག་རྙིང་རྣམས་སུ།  རྙིང་བ་ལ་རྙྷིང་བ་དང་།  རྫོགས་སོ་ལ་རྫོགས་སྷོ་ཞེས་ཧ་ཡིག་འདོགས་པར་མཛད་པའང་འདིའི་དོན་སྟོན་པའི་ཕྱིར་དུ་ཡིན་པར་འདོད་དོ། །

མདོར་ན།  བོད་ཡིག་གི“ཨ”ཡི་རང་བཞིན་གསལ་བྱེད་ཡིན་པ་བསྙོན་དུ་མེད་ནའང་།  “ཨ”ཡི་གཟུགས་འདི་ལ་མཚོན་དོན་ནམ་ནུས་པ་དུ་མར་སྣང་པ་གཤམ་གསལ།

①གསལ་བྱེད་ཀྱི“ཨ”།  འདི་ནི་བོད་ཡིག་གི་ཨ་ཡི་རང་བཞིན་ངོ་མ་ཡིན་པར་འདོད། “ཨ”ནི་གནས་དང་བྱེད་པའི་རྣམ་འགྱུར་གསལ་བའི་འགག་སྒྲ/ʔ/ཡི་མཚོན་བྱེད་ཡིན་པ་གསལ་བྱེད་ཀྱི་མཐའ་མར་བཞག་པས་ཤེས་ལ།  གཞན་ཨ་ཡིག་རྐྱང་བ་ངག་ནས་ཀློག་ཚེ། འགག་སྒྲ་དང་ལྡན་པར/ʔa/བཞིན་ཀློག་པ་ལས།  གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་བར/a/བཞིན་ཀློག་བཞིན་མེད་པ།  “ཨ་མ”ཞེས་པ་ལྟ་བུʔa maཞེས་ཀློག་པས་ཤེས་སོ། །  དེ་བཞིན་ཨི་ཨུ་ཨེ་ཨོ་སོགས་ཀྱང་ངག་ལ་སྦྱར་ན་རིམ་བཞིན/ʔi/ /ʔu/ /ʔe/ /ʔo/ཞེས་ཀློག་པ་ལས།  /ai/ /au/ /ae/ /ao/ཞེས་དབྱངས་སྦྲགས་མ་ལྟར་མི་ཀློག་པ་ལྟ་བུའོ། །  ལར་དབྱངས་རྐྱང་བ་ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས༢༡གསལ་བྱེད་ཨ་ལ་བརྟེན་ནས་རྩ་བའི་དབྱངས་བཞི་མཚོན་པར་བྱས་པས་ཀྱང་ཨ་ཡིག་གསལ་བྱེད་ཡིན་པ་རྟགས་ཡང་དག་གིས་བསྒྲུབས་ཡོད་དོ། །

②དབྱངས་ཀྱི“ཨ”།  འདིའི་དབྱངས་ཞེས་པ་ནི་གཙོ་བོ་སྲོག་གི་དབྱངས་ཞེས་པ་དེར་གོ་བཞིན་ཡོད།  “ཨ”ཡིག་སྲོག་གི་དབྱངས་ལ་འདོན་མཁན་རྣམས་ཀྱིས་ཨ་ཡིག་གི་རང་བཞིན་དབྱངས་ཡིན་ཟེར་བ་མ་ཡིན་སྙམ་སྟེ།  ཨི་སོགས་མ་ཞུགས་ཚེ་ངེས་པར་དུ་དབྱངས/a/ /ᴀ/ /ɑ/ /ɐ/སོགས་ཅི་རིགས་ལ་བརྟེན་ནས་ཀ་སོགས་འགྲུབ་དགོས་པས་ན།དབྱངས་འདི་དག་མཚོན་བྱེད་ཀྱི་གཟུགས་ཙམ་ལ་དགོས་དབང་གིས“ཨ”ཡིག་བཞག་པ་ཡིན་པར་འདོད།    དོན་དུ་བོད་ཡིག་ལ་སྲོག་ཞུགས་ཀྱི་རྣམ་གཞག་མེད་ཀྱང་།  དེའི་ཚབ་ཏུ་རིང་ཆ་ཅན་མཚོན་བྱེད་ཀྱི་རྗེས་འཇུག“འ”ཞིག་ཡི་གེ་ཀུན་གྱི་མཐར་དངོས་ཤུགས་གང་རུང་གིས་ཞུགས་ཡོད་པས།  ཁོ་བས་འདིའི་རྗེས་འཇུག“འ”ལ་གོང་གི་དབྱངས་འདི་དག་མཚོན་པར་བྱེད་པའི་ནུས་པ་ལྡན་ཞིང་།  དེའང་དབྱངས་འཇུག(元音韵尾)ལ་གཞོལ་ཡོད་པར་འདོད་དོ། །

③ང་རོའི“ཨ”།  སྤྱིར་ང་རོ་ཞེས་པ་ལ་མཁས་པ་རྣམས་ཀྱིས་གོ་བ་ལེན་སྟངས་མི་འདྲ།  ལ་ལས་གདངས་སམ་ང་རོ་ཞེས་ནས་ང་རོ་དང་གདངས་གཅིག་ཏུ་སེམས་པ་དང་། ཁ་ཅིག་གིས་དབྱངས་སམ་ང་རོ་ཟེར་ནས་ང་རོ་ཞེས་པ་དབྱངས་ཀྱི་དོན་ལ་འཇུག་པར་བྱེད་བཞིན་ཡོད།  དོན་དུ་དབྱངས་དང་གདངས། ང་རོ་གསུམ་ལ་དོན་གྱི་ཁྱད་པར་ཆེན་པོ་ཡོད།  འདིའི་ང་རོ་ཟེར་བ་ནི་སྒྲ་གདངས་ཀྱི་ཁྱད་ཆོས(语音特征)ཞེས་པར་གོ་བ་བླངས་ན་འགྲིག་སྙམ།  དཔེར་ན་མ་ནིང་གི་ཡི་གེ་རྣམས་ཀྱི་སྒྲ་གདངས་ཀྱི་ཁྱད་ཆོས་གཙོ་བོ་ནི་སྲོག་ཆེན་ཏེ་དབུགས་ཕྱིར་དབྱུང་བ་ཡིན་ལ། དེ་མཚོན་བྱེད་ཀྱི་ཡི་གེ་ལ“ཧ”དང་།  ཕོ་ཡི་ཡི་གེ་རྣམས་ཀྱི་སྒྲ་གདངས་ཀྱི་ཁྱད་ཆོས་གཙོ་བོ་ནི་མགྲིན་པ་དམ་ཞིང་དབུགས་སྟོབས་ཆུང་བ་ཡིན་ཏེ། དེ་མཚོན་བྱེད་ཀྱི་ཡི་གེ་ལ“ཨ”།  དེ་བཞིན་མོ་ཡི་ཡི་གེའི་ཁྱད་ཆོས་ནི་མགྲིན་པ་གློད་ཅིང་དབུགས་སྟོབས་མི་ཆེ་བ་ཡིན་ལ།  དེ་མཚོན་བྱེད་ལ་ཡི་གེ“འ”བཞག་པའོ། །  ཡི་གེ་འདི་གསུམ་གྱིས་ཀ་སོགས་སུམ་ཅུའི་སྒྲ་གདངས་ཀྱི་ཁྱད་ཆོས་གཙོ་བོ་དེ་མཚོན་ནུས་པས།  རྩ་བའི་ང་རོར་བྱས་ཤིང་།  དོན་དུ་མཚོན་བྱེད་ཀྱི་ཡི་གེ་ཙམ་ཡིན་པ་ལས།  རང་བཞིན་ང་རོ་ཡིན་ཟེར་བ་ག་ལ་ཡིན་ནོ། །


ཟུར་ལྟའི་དཔྱད་གཞི།

[14][20]ཨ་ལག་ཤ་ངག་དབང་བསྟན་དར། ཡི་གེ་བཤད་པ་མཁས་པའི་ཁ་རྒྱན།[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015:7.3

[15] [18] [21]བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།  བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་བ།[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015:21.22.15

[16] [17]ཚེ་ཏན་ཞབས་དྲུང་།  ཐོན་མིའི་ཞལ་ལུང་།[M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005:75-76.83-84

[19]ཨ་ལག་ཤ་ངག་དབང་བསྟན་དར།  བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ལྔ་བ།[M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015: 225

[24]孙宏凯.试论中国境内藏缅语的谱系分类[J]. 云南民族语文.1990年(2)

[25] 安多藏语口语词典[M]. 甘肃民族出版社.1993年(6)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།