གྲོང་ཁྱེར་ཟི་ལིང་གི་མིང་ལས་འཕྲོས་པའི་བསམ་གཞིག་ཐོར་བུ།

ཙོང་ཁའི་ཡུལ་གྱི་གྲོང་ཁྱེར་ཟི་ལིང་གི་མིང་གི་ཟི་ལིང་ཞེས་པའི་བརྡ་དེ་བོད་རང་སྐད་ལ་གནའ་ནས་ད་བར་དུ་འཇགས་ཤིང་། མཐོ་ས་ནས་དམའ་ས། ཡིག་ཐོག་དང་ངག་སྒྲོས། གླུ་དང་།གཏམ་དཔེ་སོགས་ལ་ཡོངས་སུ་ཁྱབ་པ་ཞིག་ཡིན་ལ། མིང་དེ་བོད་སྐད་ཀྱི་བརྡ་ཞིག་ཡིན་མིན་ཐད་སུ་ལའང་དོགས་པའི་ཟུར་ཙམ་ཡང་མེད་མོད། སྐབས་ཤིག་ནས་བརྡ་དེ་ལའང་བོད་སྐད་ཡིན་མིན་གྱི་དོགས་པ་ཆེད་དུ་སློང་མཁན་བྱུང་བ་དང་བསྟུན། ཤེས་མི་ཤེས་མང་བོ་ཞིག་གིས་སྐད་ཆ་དེའི་ནང་ལ་ཐེ་གཏོགས་བྱས་པ་དང་། ཐོག་མ་ནས་གཟུ་བོར་མི་གནས་པའི་ཀུན་སློང་ཡོད་སའང་སྣང་བས། རེ་ཞིག་དོན་དངོས་དྲང་བོའི་ལམ་དུ་ཞོག་དཀའ་བར་གྱུར་པའི་སྐབས་འདིར། གཡམ་རྒྱུག་ལ་དགའ་བ་སྐོར་ཞིག་གིས་གནས་ཚུལ་གསལ་ཁ་མ་ཆགས་གོང་ནས་ཟི་ལིང་ཟེར་བའི་བོད་སྐད་རྣལ་མ་དེ་རྒྱའི་སྐད་དམ། དེ་ཟུར་ཆག་པ་རེད་ཅེས་པའི་རྗེས་སུ་བརྒྱུགས་ཏེ། སྦྲགས་སྐད་འདོར་གྱི་ཡོད་མདོག་མདོག་གིས་ཟི་ལིང་གི་མིང་ལ་ཞིང་ཆེན་ཟེར་བ་སོགས་སྣང་ཚུལ་ངུ་དགོད་གང་བྱེད་མི་ཤེས་པ་མཐོང་རྒྱུ་འདུག་པས། ཐོག་མར་དེའི་ཐད་ཀྱི་དྲི་ལན་ཞིག་ཆིག་དགུ་གོ་གསུམ་ལོའི་སྦྲང་ཆར་དེབ་བཞི་བར་བཀོད་ཡོད་པ་ནི་དེ་འདིར་བཀོད་ན། འདི་ལྟར། ཟི་ལིང་ཞེས་པའི་ས་མིང་འདི་རྒྱ་སྐད་དང་བོད་སྐད་གང་ཡིན་གྱི་གནད་དོན་སྐོར་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད། དང་བོ་ལྟར་ན་ཟི་ལིང་ཞེས་པའི་ཐ་སྙད་འདི་རྒྱ་ཡིག་གི་“西宁”ཟུར་ཆག་པར་བཤད། གཉིས་པ་ལྟར་ན་ཟི་ལིང་ཞེས་པ་ནི་ཉི་ལྡོང་སེར་བོ་ཟི་ན་དང་། ས་ལྡོང་གྲོ་བོ་གོན་ལིང་གི་རུས་ཅན་ཤིན་ཏུ་མང་བོ་སྡོད་པའི་ཡུལ་ཡིན་པས་ན་ཚིག་བསྡུས་ནས་ཟི་ལིང་དུ་འབོད་པ་སྟེ། དེ་ཡང་སྤྱིར་མདོ་སྨད་ཀྱི་ཡུལ་འདིར་རུས་ལྡོང་ཅན་ཤིན་ཏུ་མང་ཞིང་། དེ་ལ་ཡང་ནང་གསེས་རུས་བཞི་ཡོད་པ་ལས་ཉི་ལྡོང་སེར་བོ་ཟི་ནའི་རུས་ཅན་མང་བས་ན། ཁ་དཔེར་ཡང་བོད་ཀྱི་མི་ཕྱེད་ལྡོང་དང་ལྡོང་གི་མི་ཕྱེད་ཟི་ན་ཟེར་སྲོལ་ཡོད། ཧོར་རྒྱལ་བོས་ཟི་ན་དཔལ་འབུམ་ལ་སྟག་མགོ་ནོར་བུ་གསུམ་པ་གནང་སྟེ་ཙོང་ཁའི་ཁྲི་དཔོན་དུ་བསྐོས་པ་དང་། ཏཱ་མིང་ཁྲུན་ཏིན་ཁྲིར་བཞུགས་ལོ་བདུན་པར་མ་ནན་ཝང་ཟེར་བའི་འབངས་གྱེན་ལོག་གིས་ཟི་ལིང་མཁར་བླངས་པ་ཟི་ནའི་དཔུང་གིས་ཚུར་བླངས་ཏེ་རང་འཇགས་ཀྱིས་གོང་དུ་ཕུལ་བའི་བདག་རྐྱེན་དུ་ཟི་ནའི་བླ་མ་དཔལ་འབྱོར་རིན་ཆེན་ལ་ཀོན་ཏིང་ཀཽ་ཤྲིའི་ཆོ་ལོ་བྱུང་བ་སོགས་ཡུལ་འདི་ནས་ཟི་ནའི་མཁས་པ་དང་། དཔོན་རིགས་བྱུང་ཚུལ་ཤིན་ཏུ་མང་ལ། ཡུལ་འདི་གནའ་ནས་ཟི་ནའི་ཡུལ་ཡིན་པས། ད་ལྟའང་ཉེ་འཁོར་དག་ན། ཟི་ནའི་གཞུངས་དང་། ཟི་ནའི་ཆུ་བོ། ཟི་ནའི་ལུང་བ་ཞེས་སྔོན་གྱི་མིང་མ་འགྱུར་བ་མང་དུ་མཆིས་སོ། །གྲོ་བོ་གོན་ལིང་ནི་ཡུལ་འདི་དང་མི་རིང་བ་ན་ཡོད་པའི་གྲོ་ཚང་ཞེས་སུ་གྲགས་པ་འདི་དག་ཡིན་ལ། རྐྱེན་མང་བོ་ཞིག་གི་དབང་གིས་གནའ་དུས་ཡུལ་འདིར་གནས་པའི་གྲོ་ལིང་བ་མང་བོ་ས་གཞན་དུ་སོང་བའང་སྲིད་ལ། ཤུལ་ན་གནས་པ་དག་རྒྱ་རིགས་ཀྱི་ཁྲོད་དུ་འདྲེས་པའང་མང་དུ་མཆིས་སོ།། ཞེས་གསུངས་ཤིང་།     མདོ་སྨད་ཡུལ་གྱི་དཔོན་ཆེན་ལྡོང་ཟི་ན་རྒྱལ་བོ་ཚང་གིས་ཟི་ལིང་སོགས་ཙོང་ཁའི་ཡུལ་ཁམས་སུ་དབང་བསྒྱུར་བྱས་པའི་ལོ་རྒྱུས་དེ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་དུས་འཁྲུག་བར་དུ་རྒྱུན་བསྐྱངས་ཤིང་། ལོ་རྒྱུས་དེ་ཡུལ་འདིའི་ལོ་རྒྱུས་ལ་ཆ་རྒྱུས་ཡོད་མཁན་ཚང་མར་རྩོད་མེད་མཐུན་གྲུབ་ཅིག་ཡིན་ཐོག ས་འདིར་གོང་གི་དེ་དག་ལས་གཞན་ད་དུང་ཟི་ན་ཚོ་བ་དང་། ཟི་ན་སྒར་བ། ཟི་ན་བླ་མ་སོགས་ལྡོང་ཟི་ན་ཆེན་པོའི་ལྷག་འཕྲོས་མང་བོ་ཞིག་ལྷག་ཡོད་པ་འདི་དག་ནི་ཟི་ལིང་ཞེས་པའི་ཚིག་ཟུར་གྱི་ཟི་ཞེས་པ་འདི་རུས་ཆེན་ཟི་ནའི་མིང་ལས་དྲས་པའི་བཤད་ཚུལ་དེའི་བདེན་དཔང་སྟེ། བོད་རང་གི་གཏམ་དཔེར་མི་མིང་ཡུལ་ལ་ཐོགས་པ་ཞེས་པ་དེའོ།།དེ་བཞིན་དུ་གོན་ལིང་ཞེས་པའང་རུས་ཆེན་ལྡོང་གི་ཡ་གྱལ་ཞིག་ཡིན་པར་སྨྲས་པ་དེར་མ་ཟད། ཟི་ན་ཚང་དང་གཉིས་ཀ་མཉམ་དུ་ཆ་ཅན་ལྡོང་གི་ཆ་ཤས་སུ་མཐུན་པར་སྨྲས་པ་དང་། ལིང་ཞེས་པའི་བོད་ཡིག་དེ་ལ་དམག་གམ་དམག་སྒར་གྱི་གོ་དོན་ཡོད་པ། ༡༧༧༧ལོར་འཁྲུངས་པའི་བོན་གྱི་མཁས་ཆེན་སྦྲ་གསར་ཚང་ངམ། ཁྲི་ཀ་བ་ཀུན་བཟང་རྒྱལ་མཚན་གྱིས་མཛད་པའི་གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ་ཞེས་པ་དེར། ལིང་བོ་ཆེ་<དམག་གི་གོ་བྲན་པ་>ཞེས་གསུངས་པས་གྲུབ་ན། ཟི་ལིང་ལ་ཟི་ན་ཚང་གི་དམག་སྒར་གྱི་གོ་དོན་འབབ་ཅིང་། ཚུལ་དེ་ཉིད་གནའ་བོའི་ཐང་བོད་ཀྱི་གཡུལ་གྱི་ལོ་རྒྱུས་དང་ཡང་གུང་འགྲིག་སྟེ། བོད་བཙན་པོའི་དུས་སུ་ལྡོང་ཟི་ནའི་དཔུང་གིས་ཡུལ་འདིར་མཁར་བརྩིགས་ཤིང་ཡུལ་བཟུང་བའི་མི་རྒྱུད་དེ། ས་གནས་ཀྱི་གྲངས་འབོར་ཆེན་པོའི་ཡུལ་མིར་གྱུར་པར་བརྟེན། ཕྱིས་ཀྱི་སོག་པོའི་ཧོར་རྒྱལ་བོ་དང་ཕྱིས་ཀྱི་ཏཱ་མིང་གིས་ཀྱང་ཆབ་སྲིད་ཀྱི་ཆ་ནས་མཐོང་ཆེན་བྱས་ཤིང་། མཐར་ས་འདིར་མན་ཇུའི་ཆིང་གི་དམག་དཔུང་ལའང་གདོང་ཐུག་དྲག་པོ་བྱུང་བ་དེར་མ་ཟད། གོང་དུ་གསལ་བའི་གཏམ་སྐབས་འདི་དང་ཡུལ་འདི་ལ་མི་ཕྱེད་ལྡོང་དང་ལྡོང་ཕྱེད་ཟི་ན་ཞེས་པའི་དམངས་ཁྲོད་ཤོད་སྲོལ་ཆགས་པ་དེར། ལྡོང་རིགས་བོད་ཀྱི་ཆ་ཤས། ཟི་ན་ལྡོང་གི་ཆ་ཤས་ཀྱི་དོན་དུ་འབབ་ན། ཟི་ལིང་ཟི་ནའི་ཆ་ཤས་སུ་གྲུབ་པའི་ངེས་སྲོལ་འབྱུང་ལ། བོད་དང་། ཟི་ན། ཟི་ལིང་ཚང་མར་ཡུལ་དང་ཡུལ་བ་གཉིས་རེ་ཡོད་པའང་ས་ཕྱོགས་མི་སྡེ་དང་བཅས་པར་ངང་གིས་འཇགས་པའི་མིང་རྙེིང་བ་ཤིན་ཏུ་མང་བོར་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ཤིག་ཡིན་པས། ཟི་ལིང་ཟེར་བའི་བོད་སྐད་འདི་ལ་བོད་རང་སྐད་ཡིན་མིན་སྒྲོག་པ་འདི་ནི་མི་ལ་ལས་ཆེད་དུ་སྐད་ཆ་བཟོ་བ་ཙམ་ལས་མ་འདས་སོ།། ད་དུང་དེར་མ་ཟད། གྲོང་ཁྱེར་ཟི་ལིང་ལ་རྒྱ་སྐད་ཀྱིས་ཞིས་ཉཱིན་ཞེས་པ་དེ་ཡང་བོད་ཀྱི་བརྡ་རྒྱ་སྐད་ལ་ཕར་སྒྲ་སྒྱུར་བྱས་པ་ཞིག་ལས་བྱུང་བར་མངོན་ཏེ། གྲོང་ཁྱེར་འདིའི་མིང་གི་རྒྱ་ཡིག་དེ་གཉིས་རྒྱ་ནག་ལྷོ་ཕྱོགས་པའི་ཀློག་ཚུལ་གྱི་སྒྲ་གདངས་གང་ཡིན་པ་དེ།བོད་སྐད་ཀྱི་ཟི་ལིང་ཞེས་པའི་སྐད་གདངས་དང་ཐོད་ཐུག་ཅིང་། དེ་ནི་རྒྱ་སྐད་དུ་བསྒྱུར་པའི་ཤེས་རབ་སྙིང་བོའི་གཟུངས་ག་ཏེ་ག་ཏེ་ཞེས་སོགས་རྒྱ་ཡིག་ལ་སྒྲ་སྒྱུར་བྱས་པ་དེ་དེང་སང་གི་རྒྱའི་སྤྱི་འགྲོས་སྐད་ལ་དེ་ལ་ཀྱེ་ཏེ་ཀྱེ་ཏེ་ཞེས་ཀློག་པས། སྒྱུར་གཞི་ལེགས་སྦྱར་གྱི་སྐད་དང་སྒྲ་ཡེ་ཐོད་མི་ཐུག་པ་དང་། ལྷོ་ཕྱོགས་ཀོང་ཏུང་གི་སྐད་ལ་ག་ཏེ་ག་ཏེ་ཞེས་ཀློག་པ་ན། དེ་ལ་ལྟོས་ཏེ་སྒྱུར་གཞི་ལེགས་སྦྱར་གྱི་སྐད་གདངས་ལ་ལེགས་པར་ཐོད་ཐུག་པ་དང་ཚུལ་མཚུངས་པ་དང་། འཕགས་ཡུལ་ནས་རྒྱ་སྐད་ལ་སྒྲ་སྒྱུར་བྱས་པའི་ཆོས་ཚིག་གཞན་པར་ཡང་སྣང་ཚུལ་འདི་འདྲ་མང་ཞིང་། རྒྱ་ཡིག་གི་གཟུགས་ཀྱིས་དོན་མཚོན་སྟངས་མང་བོ་ཞིག་ཀྱང་དེང་སང་གི་སྤྱི་འགྲོའི་སྐད་འདིས་གཅིག་ཆོག་བྱ་མི་ཐུབ་ས་ཡོད་པར་འདུག་ན།  ཟི་ལིང་ཞེས་པ་རྒྱ་སྐད་ཀྱི་ཟུར་ཆག་པ་ཡིན་རྒྱུ་ཕར་ཞོག།ཞིས་ཉཱིན་ཞེས་པ་དེ་བོད་སྐད་ཟི་ལིང་ཞེས་པ་རྒྱ་ཡིག་ལ་སྒྲ་སྒྱུར་བྱས་པ་ཞིག་ལས་བྱུང་བ་ཡིན་པའི་རྟགས་མཚན་གསལ་བར་གདའ་འོ།།

  དེས་ན་དེང་སང་བོད་པ་ཚོས་སྐད་གསང་མཐོན་པོས་སྒྲོག་བཞིན་པའི་ཕ་སྐད་སྲུང་སྐྱོབ་དང་། སྦྲགས་སྐད་འདོར་བ་སོགས་ལས་ཀ་འདི་དག་ལ་བབ་བརླིང་གིས་འཇུག་དགོས་ཀྱི། མིང་བརྡ་རེ་རེར་ཡང་ཞིབ་ཏུ་མ་བརྟགས་ན་བྱེད་ཕྱོགས་ཧོལ་རྒྱུག་ཏུ་འགྲོ་བ་དང་། ཐལ་མཐར་ལྷུང་ས་མང་བས། བོད་ཀྱི་སྐད་དང་རིག་གནས་ལ་ཤ་ཚ་བའི་སྒོ་ནས་ལས་དོན་རྩོམ་པར་ཁས་འཆེ་བའི་ལོ་ཙཱ་བའམ། ཐ་སྙད་ཆེད་དུ་གསར་བཟོ་བ་ལྟ་བུ་ཞིག་ཡིན་ན་ཐོག་མར་ང་ཚོ་བོད་ལ་སྐད་རིགས་གཞན་ལ་དར་བའི་རིག་གནས་བོད་ཡིག་ལ་ནང་འདྲེན་བྱེད་པར་བོད་བཙན་པོའི་བཀའ་གཙིགས་སྒྲ་སྒྱུར་བམ་གཉིས་དང་། འཛམ་གླིང་ནང་བསྟན་གསུང་རབ་ཀྱི་འགྱུར་སྤུས་ཨང་དང་བོར་གྲགས་ཤིང་གྲུབ་པའི་བཀའ་བསྟན་འགྱུར་གྱི་ཉམས་མྱོང་ལ་རྒྱུས་ལོན་གང་འཚམ་ཞིག་མཛད་དེ། དེ་དག་གི་དགོངས་དོན་དང་ཉམས་མྱོང་བཟང་བོ་གཞིར་བཞག་ཐོག་ཆད་པ་ཁ་སྐོང་དང་མེད་པ་གསར་བཟོ་སོགས་བྱས་ན་མིང་དོན་མཚུངས་པའི་ཕན་ཐོགས་ཡོང་ཐུབ་ཀྱི།  དཔེར་ན་བོད་ཡིག་ལ་ཡོད་པའི་ཐ་སྙད་ལ་ལ་རང་གིས་མ་མཐོང་ན་བོད་ཡིག་ལ་ཐ་སྙད་དེ་ཆད་པར་འདོད་ནས་གསར་བཟོ་བྱེད་པ་དང་། བོད་སྐད་ཡིན་ངེས་ཀྱི་ཐ་སྙད་ཅིག་གཞན་ཞིག་གིས་དེ་བོད་སྐད་མ་རེད་ཅེས་ཚེའང་དེ་མ་ཐག་དེའི་ཚིག་རྗེས་སུ་འབྲང་བ་སོགས། བོད་ཡིག་ཐ་སྙད་གསར་བཟོ་བ་མང་བོས་གཅིག་གཉིས་ནས་རང་གི་བོད་ཡིག་ཤེས་ཚད་ཀྱིས་མ་ལྕོགས་པ་མང་བོ་ཞིག་བོད་ཡིག་གི་སྤུས་ཚད་ཀྱིས་མ་ལྕོགས་པར་བཟུང་སྟེ། བོད་ཡིག་ལ་ཡིད་ཆེས་འདོར་བ་སྟེ། དོན་ལ་བོད་ཡིག་ལ་ལྟ་སྟངས་མི་ལེགས་པ་དང་གདེང་འཇོག་མི་འདང་བའི་སྒོ་ནས་སྒྲ་སྒྱུར་དང་བརྡ་བཟོ་ལ་ཞུགས་པས། འགན་མ་ཁྱག་པར་མིང་དང་དཔེ་དེབ་ཁག་དོན་སྒྱུར་མ་ནུས་པ་དང་། སྦྲགས་སྐད་འདོར་རློམ་གྱིས་སྒྲ་སྒྱུར་འོས་པ་དག་ལའང་སྒྲ་སྒྱུར་ཆེད་དུ་སྤངས་ནས། ཐད་སྒྱུར་རྐྱང་བའི་ལམ་ལ་རེ་བའི་དབང་གིས། བོད་ཡིག་གི་བདག་ཉིད་ཅན་གྱི་དཔེ་ཆ་དང་མིང་བརྡ་བོད་སྐད་ཀྱི་བྲོ་བ་ཡལ་བ་མང་བོ་བཟོ་བ་དང་། ཚུལ་དེས་བོད་ཡིག་གི་སྤུས་ཚད་ཇེ་ལེགས་སུ་འགྲོ་བའི་ཚབ་ལ་བོད་ཡིག་ལ་གཏོར་བརླག་གཏོང་བཞིན་པའང་ཡོད་པས་ན། མཁས་པའི་མིང་དང་། འཇོན་ཐང་ཡོད་པ། ལས་སྒོ་གནད་ཅན་དུ་ཐོན་པ་དག་གིས་རང་ཚོད་རང་གིས་ལོན་པའི་སྒོ་ནས་ཐུགས་བསམ་ཞིབ་མོ་མཛད་དགོས་པར་འདུག་ཅེས་དང་། དེ་ནས་སླར་ཡང་གོང་སྨོས་ཟི་ལིང་གྲོང་ཁྱེར་གྱི་མིང་གི་གནས་ཚུལ་དེ་དང་ཕྱོགས་མཚུངས་པའི་གཏམ་རྒྱུད་གཞན་ཞིག་གིས་ཚན་པ་འདིའི་མཇུག་བསྡུ་བར་བྱ་སྟེ། མཚོ་སྔོན་པོའི་རྨོག་རུ་སྡེ་བའི་ས་ཐོག་གཅིག་ལྔ་གཅིག་ས་ཚིགས་ཀྱི་འཁྲིས་ན། ཚེས་རུའི་རྣུ་ལྕེ་ཟེར་བའི་བྱེ་སའི་ཕྱེད་གླིང་ཆུང་ཆུང་ཞིག་ཡོད་པ་དེར་ཉེ་བའི་བར་སྐབས་ཤིག་ནས་རྒྱ་སྐད་ཀྱིས་ཨར་ལཱིང་ཅིན་ཞེས་བཏགས་ཏེ་སྒྲུང་གཏམ་ཡང་བཟོས་པ་ལྟར། དེང་སང་མཚོ་ཁའི་ཡུལ་མི་མང་བོས་ཕྱི་ཡོང་གི་ཡུལ་སྐོར་བར་གཏམ་དེ་བྲག་ཅ་བརྒྱུད་པ་ལྟར་ཕར་ངོ་སྤྲོད་དུ་སྒྲོག་པར་མ་ཟད། ཡུལ་མི་ན་གཞོན་མང་བོས་ཕྱེད་གླིང་དེའི་གདོད་མའི་བོད་མིང་ངོ་མ་མི་ཤེས་པར་གྱུར་ཟིན་པ་དང་། མི་རེ་ཟུང་གིས་ས་དེར་གླང་ཆེན་མཆེ་བ་ཞེས་པའི་བོད་མིང་གསར་བ་ཞིག་ཀྱང་འདོགས་བཞིན་པ་ལས། རྒྱ་སྐད་ཀྱི་མིང་གསར་བ་དེས་ས་དེའི་གདོད་མའི་བོད་མིང་སྣུབ་བཞིན་པར་མ་ཟད། བོད་སྐད་ཀྱི་མིང་གསར་བ་དེས་ཀྱང་ཕྱེད་གླིང་ཆུང་ངུ་དེ་ལ་བོད་མིང་ལྗིད་ཁོག་ཅན་ཞིག་ཡོད་པའི་སྣང་ཚུལ་ལ་གནོད་པ་གཏོང་བཞིན་འདུག་གོ།  །།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།