རྒན་རྒྱ་གྲོལ་ལགས་ཀྱི་རྩོམ་ཐུང་ཁག་བཞི།

142.jpg

སྙན་ངག་དང་འབྲེལ་བའི་བསམ་ཚུལ་རེ་གཉིས།

སྙན་ངག་ལ་དགའ་བ་ནི་ང་རང་དབྱངས་ཅན་མ་ལ་དགའ་བའི་རྐྱེན་གྱིས་རེད།དབྱངས་ཅན་མས་ང་ལ་འཇིག་རྟེན་གྱི་རིན་པོ་ཆེ་འདི་གནང་དང་གནང་བཞིན་ཡོད།དབྱངས་ཅན་མ་ནི་ངའི་ཤེས་རབ་ཡིན་ལ་ངའི་ཤེས་རབ་ཀྱི་རོལ་དབྱངས་ཀྱང་ཡིན།

ངས་སྙན་ངག་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་རོལ་རྩེད་དང་འཆར་ཡན་གྱི་རྨི་ལམ་ཡིན་པས་རང་གི་བློ་གྲོས་ཀྱི་རྩལ་ལས་མ་ཐོན་ན་དེ་ནི་མི་རང་གི་ཤེས་རབ་ཁྱད་གསོད་བྱས་པ་ཞིག་ཡིན་པར་འདོད།ང་གཞན་གྱིས་ཤེས་རབ་ཁྱི་རྩལ་ལས་བྱུང་བའི་ནོར་བུ་ལ་དགའ་མོད་རང་གིས་ནོར་བུ་འདི་གསར་དུ་བསྐྲུན་དུས་ངེས་པར་རང་གི་བློ་གྲོས་ལ་གཅེས་སུ་འཛིན་པ་ལས་གཞན་གྱི་གཏོད་པའི་ལམ་དེ་ལས་བག་ཡངས་ཀྱིས་འགྲོ་མི་འདོད།ཅིའི་ཕྱིར་རང་གི་བློ་གྲོས་ལ་དམིགས་སུ་མི་འཛིན་པ་ཡིན་ནམ།སྙན་ངག་པ་དག་གིས་ཅིའི་ཕྱིར་རང་གི་བློ་གྲོས་ལ་མཐོང་ཆུང་བྱེད་པ་ཡིན་ནམ།

ངའི་སྙན་ངག་འབྲི་དུས་མེ་ལོང་མས་ང་ལ་ཕན་མི་ཉུང་བ་བཏགས་ཡོད་ལ་ཕྱི་གླིང་བའི་གཞུང་ལུགས་ཀྱིས་ང་ལ་ཕན་ངེས་ཅན་ཞིག་བཏགས་ཡོད།ཡིན་ནའང་གཞུང་ལུགས་ཀྱི་རྒྱུན་ཤེས་དེ་ངེས་པར་མཁོ་མོད།གཞུང་ལུགས་ལས་སྙན་ངག་འབྲི་བ་ནི་སྙན་ངག་པ་གླེན་པ་ཞིག་ལས་མ་འདས།ཡིན་ནའང་།ང་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གཞུང་ལུགས་ཀྱང་བློས་གཏན་ནས་གཏོང་མ་ཐུབ།ངའི་གཞུང་ལུགས་ལས་མེ་ལོང་མ་ཡོད་ལ་དེང་རབས་གཞུང་ལུགས་ཀྱང་ཡོད།དེ་བས་ལ་ལས་ང་རང་དེང་རབས་པར་བཤད་བཞིན་ཡོད་ལ་ལ་ལས་ང་རང་སྲོལ་རྒྱུན་པར་བཤད་ཀྱིན་ཡོད།ཡིན་ནའང་ང་དེང་རབས་པ་ཡིན་ལ་སྲོལ་རྒྱུན་པའང་ཡིན།ཡང་ན་དེང་རབས་པ་མིན་ལ་སྲོལ་རྒྱུན་པའང་མིན།ངའི་གཞུང་ལུགས་ནི་གངས་རིའི་རིང་ལུགས་ཡིན།

གངས་རིའི་རིང་ལུགས་ཞེས་པ་ཅི་ཡིན་ནམ།ལ་ལས་འདི་ནི་རྙིང་བའི་གཞུང་ལུགས་སྟེ་མེ་ལོང་མ་ཤི་འཐམ་བྱེད་པ་དེ་ཡིན་ནམ་ཟེར།ལ་ལས་གངས་རིའི་རིང་ལུགས་ཞེས་པ་ཅི་ཡིན་ནམ་ཟེར།ངོ་མས་ཁག་མི་འདུགངའི་གཞུང་ལུགས་ཀློག་པ་བོའི་སྤྱན་ལམ་དུ་མ་དྲངས་པའི་སྔ་རོལ་ཏུ་ལ་ལས་མིག་ཅེར་ཞིང་ལ་ལས་ཁ་གདངས་ངེས་པ་ནི་རྒྱུན་ལྡན་ཞིག་ཡིན་ངེས།གངས་རིའི་རིང་ལུགས་ཀྱི་གཞུང་ལུགས་ནི་གངས་རིའི་རིང་ལུགས་ཀྱི་ལག་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ངས་རང་གི་བློ་གྲོས་ལ་དེ་ལྟར་དང་དོད་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན།དེ་བས་ངས་མེ་ལོང་མར་ཤི་འཐམ་མི་བྱེད་ལ་དེང་རབས་ཀྱི་མི་རིགས་གཞན་པའི་གཞུང་ལུགས་ལའང་ཤི་འཐམ་མི་བྱེད།

ད་ལྟའི་སྤྱི་ཚོགས་འདིར་སྙན་ངག་པ་བྱེད་པ་སླ་མོད་བོད་མི་རིགས་ཀྱི་སྙན་ངག་པ་ཞིག་བྱེད་པ་ཤིན་ཏུ་དཀའ།བོད་མི་རིགས་ཀྱི་སྙན་ངག་པ་ནི་སྙན་ངག་ཐ་ཐོར་རེ་འབྲི་བ་དེ་མ་ཡིན་པར་བོད་མི་རིགས་ཀྱི་དུས་རབས་ཀྱི་སྤོབས་པ་དང་མི་རིགས་ཀྱི་སྤོབས་པ།ཤེས་རིག་ཀྱི་སྤོབས་པ་བཅས་ངེས་པར་འཛོམས་དགོས་པ་ཞིག་ཡིན།ད་ལྟ་མི་རིགས་ཀྱི་སྤོབས་པ་མེད་ལ་དུས་རབས་ཀྱི་སྤོབས་པའང་མེད་ཤེས་རིག་ཀྱི་སྤོབས་པ་དེ་བས་ཀྱང་མེད་པའི་སྙན་ངག་པ་སྐོར་ཞིག་བྱུང་བཞིན་ཡོད་ལ།སྙན་ངག་དེ་མི་རེ་གཉིས་ཤིག་གིས་སྒེར་བཟུང་བྱེད་འདོད་པའི་ཁྲེལ་མེད་ཀྱི་ལྟ་བའང་འབྱུང་བཞིན་ཡོད།

སྙན་ངག་ནི་མི་རིགས་ཀྱི་བསམ་པའི་དུང་སེམས་ཤིག་དང་སྤོབས་པ་ཞིགལྷག་པར་ཤེས་རབ་ཀྱི་གླུ་དབྱངས་ཤིག་རེད།དེ་ནི་སུ་ཞིག་གིས་ཀྱང་སྒེར་བཟུང་བྱེད་འདོད་པ་ནི་སྟོང་བསམ་ཁོ་ན་ཡིན།ལ་ལས་མེ་ཏོག་ཅིག་བསྟན་ནས་མེ་ཏོག་ཚང་མ་འདི་འདྲ་ཡིན་དགོས་ཞེས་པའི་གཞན་མགོ་གཡོག་པའི་རིགས་པ་དེ་དག་ཀྱང་སྙན་ངག་གི་ཁྱད་ཆོས་མི་ཟེར་བ་ཁ་ཚོན་ཆོད།དེ་དག་གིས་ཁྱི་ཁ་ཚུམས་ན་བཟང་མོད་མ་ཤེས་ཤེས་ཁུལ་གྱིས་ཁ་ཕོ་སྒྲོག་པ་ནི་བོད་ཀྱི་ན་གཞོན་དག་གིས་ཁྱད་ཆོས་སུ་གྲུབ་པ་འདྲ།

ཁོ་བོས་ལྷག་པར་མི་འདོད་པ་ནི་སྙན་ངག་གི་གསང་བ་མི་ཤེས་པར་གཞུང་ལུགས་ཀྱི་རྒྱ་མར་འཇལ་བཞིན་པའི་རྩོམ་སྒྲིག་པ་དང་དཔྱད་བརྗོད་པ་དེ་དག་ཡིན་ལ་དེ་དག་གིས་སྙན་ངག་གི་ཁྱད་ཆོས་ལ་བཙན་གནོད་བྱེད་ཀྱིན་ཡོད།ཁོ་བོས་བསམ་པར་སྙན་ངག་ལ་དཔྱད་བརྗོད་མཁོ་མོད་དཔྱད་བརྗོད་ཡིན་ན་སྙན་ངག་ལ་མཁོ་བའི་ངེས་པ་གཏན་ནས་མེད།དེ་ནི་དཔྱད་བརྗོད་ཀྱི་སྙན་ངག་གི་རྗེས་ཆོད་དཀའ་བའི་རྒྱུ་མཚན་གྱིས་ཡིན།རྗེས་མི་ཆོད་པའི་དཔྱད་བརྗོད་དེས་སྙན་ངག་ལ་གཏན་ནས་མཛུབ་སྟོན་བྱེད་མི་ཐུབ་ལ་ལྷག་པར་སྙན་ངག་པའི་སེམས་ཁོང་ལ་འཛུལ་མི་ཐུབ་ཅིང་སྙན་ངག་གི་གསེབ་ཏུ་འཛུལ་མི་ཐུབ་པའི་དཔྱད་བརྗོད་པ་ཞིག་གིས་སྙན་ངག་དང་སྙན་ངག་པའི་གསང་བ་གཏན་ནས་བསློག་མི་ཐུབ་པས་དེས་སྙན་ངག་ལ་ཁ་ཕྱོགས་དེ་བས་ཀྱང་སྟོན་མི་ཐུབ་པས་སོ།།རྒྱུ་མཚན་དེ་སྙན་ངག་ལ་བཟོ་བཅོས་བྱས་པ་ལ་མང་བོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་དཔེ་མཚོན་གསལ་བོ་ཞིག་རེད་དོ།།

ཡིན་ནའང་།ངས་གཞུང་ལུགས་དང་ལག་ལེན་གཉིས་ཀ་འདེམས་པ་ཡིན་ཏེ་གཞུང་ལུགས་འདེམས་དོན་ནི་ད་ལྟའི་ལག་ལེན་གྱིས་བློ་གསར་བ་རྣམས་ཁ་ཕྱོགས་ཤིག་སྟོན་ཐུབ་པ་དེ་ཡིན་པ་ལས་སྙན་ངག་འབྲི་མཁན་དག་གིས་ངེས་པར་གཞུང་ལུགས་ལ་བསྟུན་ཞེས་པ་ནི་དེ་བས་ཀྱང་མིན་ནོ།།ངེས་པ་དོན་གྱིས་སྙན་ངག་པ་ཞིག་ཡིན་ན་གཞུང་ལུགས་ཀྱི་གེགས་རྒྱར་གཏན་ནས་ཚུད་མི་རུང་ལ་བློ་གསལ་བ་ཞིག་ཡིན་ན་གཞུང་ལུགས་ནི་ཁྱོད་ལ་ཁ་ཕྱོགས་སྟོན་བྱེད་ཅིག་དང་སྦྱོང་བརྡར་བྱ་ས་ཞིག་རེད།

ངས་སྙན་ངག་འབྲི་དུས་ད་ལྟ་རང་གི་བསམ་པ་དང་བསྟུན་པ་ལས་གཞུང་ལུགས་དང་ཅི་ཡང་བསྟུན་གྱིན་མེད།ངའི་སྙན་ངག་ནི་བྱམས་དུང་གི་འཇིག་རྟེན་ཞིག་ཏུ་རེ་བ་ལས་དུད་སྨུག་འཐིབས་པའི་རྨི་ལམ་ཞིག་ཏུ་ནམ་ཡང་བསམ་བཞིན་མེད།སྔོན་གྱི་སྙན་ངག་ཕྱི་རོལ་གྱི་ཡུལ་ལྗོངས་ཀྱི་སྙན་ངག་ཡིན་ན་ད་ལྟའི་སྙན་ངག་ནང་བསམ་པའི་ཡུལ་ལྗོངས་ཡིན།ངའི་ཡུལ་ལྗོངས་འདི་ནས་ལེན་བཞིན་པའི་གླུ་དབྱངས་ནི་བོད་ཀྱི་བརྩེ་བ་ཡིན་པ་ལས་ཕྱི་གླིང་བའི་རོལ་མོ་མིན།ངས་ད་དུང་མ་ནུས་པ་མ་གཏོགས་འོ་མ་བཞུར་བཞིན་པའི་ཨ་མའི་སེམས་པའི་མེ་ཏོག་གི་དགའ་ཚལ་ཞིག་བསྐྲུན་ནས་དེ་དབྱངས་ཀྱི་བརྩེ་བར་བསྒྱུར་ནས་ཀློག་པ་བོར་རྨི་ལམ་གྱི་སྙན་ངག་ཅིག་བསྐྲུན་འདོད་པ་དེ་ཡིན།

གཞུང་ལུགས་མེད་པའི་སྙན་ངག་ཅིག་ཡིན་ན་དེ་ལ་གཞུང་ལུགས་ལ་བརྟེན་ནས་རྒྱ་མར་འཇལ་ཐབས་མེད་པས་དེ་ནི་སྙན་ངག་མིན་པ་ལས་དེ་བདེན་པའི་རང་བཞིན་གྱི་བྱམས་དུང་གི་ཉི་མ་དེ་བཀག་སྡོམ་གྱི་གཟེབ་ཏུ་འཛིན་པ་ཆོས་ཉིད་ཡིན།ཡིན་ནའང་སྙན་ངག་པ་ཞིག་ལ་མཚོན་ན་ཁོའི་བརྩམས་ཆོས་གཞུང་ལུགས་པ་དེ་དག་གིས་ཁས་ལེན་མིན་དེ་གནད་ཤིན་ཏུ་ཆུང་ལ་གལ་ཆེ་བ་ནི་ཀློག་པ་བོའི་བསམ་པའི་འཇིག་རྟེན་ཏུ་མེ་ཏོག་གི་ཞིང་ཁམས་ཤིག་བསྐྲུན་ཐུབ་མིན་དེ་ཡིན།ལྷག་པར་བོད་མི་རིགས་ཀྱི་བརྩེ་བ་དང་བྱམས་དུངས་དེ་དག་འོ་མ་བཞིན་རང་གི་ཡིད་ཀྱི་མེ་ཏོག་གི་རྨི་ལམ་དུ་དྲངས་ནས་ཀློག་པ་བོར་རྨི་ལམ་བདེ་བ་མྱོང་དུ་འཇུག་ཐུབ་མིན་དེ་ཡིན་པ་ལས་ད་ལྟའི་བོད་ཀྱི་དཔྱད་བརྗོད་པ་དག་གིས་བསྟོད་པའི་ཝུ་ཆང་གི་དགའ་སྟོན་འགྱེད་པ་དེ་མིན།

ངའི་རང་གི་སྙན་ངག་འབྲི་དུས་འབྲི་སྟངས་མང་བོ་ཞིག་ལ་བསམ་གཞིག་བྱས་མྱོང་མོད་ད་ལྟ་འོ་མའི་རྨི་ལམ་དེ་དབྱངས་ཀྱི་མེ་ཏོག་ཏུ་བཞུར་དུ་འཇུག་ཐུབ་མིན་ལ་བསམ་པ་ལས་སྙན་ངག་ལ་བཀག་སྡོམ་དང་སྙན་ངག་དམར་གསོད་བྱེད་པའི་ལས་དེར་འཇུག་གིན་མེད་པས་སྙན་ངག་ཁོ་ན་ངའི་སྙན་ངག་ཡིན་ལ་དབྱངས་ཅན་མ་ཁོ་ན་ངའི་བརྟེན་ས་ཡིན་པས་ལ་ལས་ང་ལ་སྲོལ་རྒྱུན་པ་ཞེས་བརྗོད་ཆོག་ལ་ལ་ལས་དེང་རབས་པ་ཞེས་བརྗོད་ཆོགདེ་ནི་དགོས་གལ་ཅི་ཡང་མེད་པའི་འབོད་སྟངས་ཤིག་ཡིན་ལ་འབོད་སྟངས་དེ་ནི་ཕྱོགས་རིས་མཁན་དང་རྨོངས་དད་མཁན་དག་ལ་ཕན་པ་ལས་ང་ལ་དོ་གལ་ཅི་ཡང་མེད་དེ་རྒྱུ་མཚན་ནི་ང་སྲོལ་རྒྱུན་པ་ཡིན་ལ་དེང་རབས་པའང་ཡིན་པ་སྟེ་ངའི་སྟེང་ན་དེ་གཉིས་ལ་འགལ་བ་ཅི་ཡང་མེད་དོ།།ངའི་དེང་རབས་ནི་ངའི་སྲོལ་རྒྱུན་ལས་བྱུང་བ་ཡིན་ལ་ངའི་སྲོལ་རྒྱུན་གྱིས་ངའི་དེང་རབས་སྐྱེད་བཞིན་ཡོད་པས་སོ།།

དེ་བས་ང་རང་དབྱངས་ཅན་མར་དགའ་ལ་སྙན་ངག་ལའང་དགའ།དེ་ནི་ང་རང་བོད་མི་རིགས་ལ་དགའ་བའི་རྐྱེན་གྱིས་ཡིན་པས་སོ།  །

ཡ་རབས་སློབ་མས་ཡིད་ལ་གཟུང་དགོས་པའི་མན་ངག་བཅུ།

སློབ་སྦྱོང་གི་དགོས་པ་ནི་ཀུན་སྤྱོད་དང་བློ་གྲོས་ཀྱི་ཆེད་དུ་ཡིན་པ་ལས་སྐར་གྲངས་ཀྱི་ཆེད་དུ་མིན།

ཁྱོད་ཀྱིས་མི་ཤེས་པ་ཞིག་ཡོད་ཚེ།དེ་ནི་ཁྱེད་ཀྱིས་ངེས་པར་ཤེས་དགོས་པ་ཞིག་སྟེ།ཤེས་ཐུབ་མིན་དེ་ཁྱོད་ཀྱི་བརྩོན་པ་ལ་ཐུག་ཡོད།ཁྱོད་ལ་བརྩོན་པ་ཡོད་ཚེ་འཇིག་རྟེན་འདིར་ཁྱོད་ཀྱིས་ཤེས་མི་ཐུབ་པའི་ཤེས་བྱ་ཅི་ཡང་མེད།

ཕུགས་བསམ་ནི་རང་གི་སེམས་པ་རྒྱ་བསྐྱེད་དེ་འཇིག་རྟེན་ལ་བལྟས་ནས་ཆེས་ལེགས་པའི་དགེ་མཚན་ཞིག་དོན་དུ་གཉེར་བ་དེ་ཡིན་ལ་དེ་ཡོད་ན་ད་གཟོད་ཁྱོད་རང་མི་ཚད་ལྡན་ཞིག་ཡིན་ལ་ཁྱོད་རང་གི་བྱ་བ་གང་མང་ཞིག་འགྲུབ་ཐུབ།གལ་ཏེ་ཕུགས་བསམ་མེད་ཚེ་ཁྱོད་ལ་མཛེས་སྡུག་དང་རྒྱུ་ནོར་ག་འདྲ་ཡོད་རུང་རྨ་བྱ་ལྟར་ཁ་དོག་མཛེས་ཤིང་ཡི་དྭགས་བཞིན་ལོངས་སྤྱོད་མོད་པའི་བླུན་པོ་ཞིག་ལས་མ་འདས།

གཉིད་དང་ཟས།གྱོན་གོས་དང་རྒྱན་ཆ།རྩེད་དགོད་བཅས་ནི་གནས་སྐབས་ཀྱི་མཛེས་ཆོས་སམ་རྨི་ལམ་ཙམ་སྟེ་དེས་བསླུས་པའི་མི་ནི་རང་ཉིད་ཀྱི་ཆེད་དུ་རང་ཉིད་བརླགས་པ་ཞིག་གོ།རང་ཉིད་ཀྱི་ཆེད་དུ་རང་ཉིད་བསྐྱབ་དགོས་ན་ཁྱོད་ཀྱིས་བསམ་བློའི་བསྟེན་སའི་ཟས་དང་གྱོན་གོས།རྒྱན་ཆ་དག་ལ་བསྟེན་དགོས་ཏེ།དེ་ནི་ཁྱོད་ཀྱི་ནམ་ཡང་འགྱུར་བ་མེད་པའི་རྒྱན་ཆ་སྟེ་ད་ལྟའི་སྦྱོང་བཞིན་པའི་ཡོན་ཏན་འདི་ཡིན་ནོ།།

དེ་རིང་གི་བྱ་བ་དེ་རིང་བསྒྲུབ་དགོས་ཏེ་དེ་རིང་གི་བྱ་བ་སང་ཉིན་ལ་བཅོལ་བ་ནི་བྱ་བ་དེ་མི་འགྲུབ་པའི་སྔ་ལྟས་ཡིན་ཞིང་ཁྱོད་རང་སྒྱིད་ལུག་ཏུ་གྱུར་པའི་རྟགས་མཚན་ཞིག་ཡིན།ཉིན་མོ་རེ་རེ་སྒྱིད་ལུག་གིས་བསྐྱེལ་ན་ཁྱོད་ནི་མི་ཕལ་བ་ཞིག་ལས་མི་བཟང་བོ་ཞིག་གཏན་ནས་མིན་ཞིང་ཁྱོད་རང་འཇིག་རྟེན་འདིར་འཚོ་བའི་དོན་སྙིང་དེ་བས་ཀྱང་མེད་དོ།།

མི་ཤེས་པ་གཞན་ལ་འདྲི་དགོས་ཏེ་གཞན་ལ་འདྲི་བ་ནི་རང་ཉིད་ཀྱིས་མི་ཤེས་པ་ཤེས་པའི་ཆེད་དུ་ཡིན་ལ་སློབ་མའི་ཆེས་ཆེ་བའི་སྐྱོན་ཆ་ནི་རང་ཉིད་ཀྱིས་མི་ཤེས་པ་ཤེས་ཁུལ་བྱེད་པ་དང་མི་ཤེས་པ་མི་འདྲི་བ་དེ་ཡིན་ནོ།།གཞན་ལ་འདྲི་བ་སློབ་མའི་རྒྱན་ཆ་སྟེ་རང་ཉིད་ལ་ཡོན་ཏན་འབྱུང་བའི་སྒོ་མོ་ཡིན་ནོ།།

སྡིག་གྲོགས་ནི་ཁྱོད་ལ་བར་ཆད་བྱེད་པའི་བདུད་དེ་དེ་ཡིས་འཛུམ་དཀར་དང་བརྩེ་དུང་།རྣམ་གཡེང་དང་བག་མེད་བཅས་སུ་ཁྲིད་དེ་ཁྱོད་རང་ཕམ་ཁ་དང་མ་རབས་ཀྱི་གཡང་དུ་འཕེན་ངེས་རེད།དེ་ནི་ཕྱི་ཚུལ་ནས་བལྟས་ན་རང་གི་མཛའ་གྲོགས་དང་འདྲ་མོད་དེ་སྡུག་གྲོགས་ཡིན་མིན་གྱི་ཚད་གཞི་ནི་ཁྱོད་རང་བག་མེད་ལ་ཁྲིད་མིན་གྱིས་འཇོག་སྟེ།ཁྱོད་ཀྱི་སློབ་སྦྱོང་དང་ཀུན་སྤྱོད།ཕུགས་བསམ་བཅས་ལ་བར་ཆད་གཏོང་ཞིང་བག་མེད་རྣམ་གཡེང་དུ་ཁྲིད་མཁན་ཞིག་ཡིན་ཚེ་ཁྱོད་ཀྱི་མཛའ་གྲོགས་སམ་ཡང་ན་གཉེན་ཉེ།དགེ་རྒན་བཅས་གང་འདྲ་ཞིག་ཡིན་རུང་ཁྱོད་དེ་དང་གྱེས་པར་གྱིས་ཤིག

ཁྱོད་ལ་དཀའ་ངལ་མང་བོ་འབྱུང་སྲིད་དེ།དཀའ་ངལ་དེ་དག་གིས་ཁྱོད་ཀྱི་སྤོབས་པ་ལ་ཚོད་བགམ་བྱེད་ཀྱིན་ཡོད་ལ།ཁྱོད་ཀྱི་མི་ཚེ་ལའང་ཚོད་བགམ་བྱེད་ཀྱིན་ཡོད།གལ་ཏེ་ཁྱོད་ལ་ཞུམ་མེད་ཀྱི་སྤོབས་པ་ཞིག་ཡོད་ཚེ་འཇིག་རྟེན་འདིར་དཀའ་ངལ་ཟེར་བ་ཞིག་མེད་ལ།སྤོབས་པ་དང་བརྩོན་འགྲུས་ཡོད་ན་ཁྱོད་ཀྱིས་བསམ་དོན་ལ་མི་འགྲུབ་པ་གང་ཡང་མེད་དེ།གང་ལ་ལེ་ལོ་གཅིག་ཡོད་ན་དེ་ལ་འབྲས་བཟང་ཐམས་ཅད་མེད་པས་སོ།།

 8

བསམ་པ་ནི་ལ་ཁའི་དར་ལྕོག་ཅིག་དང་འདྲ་ལ་སྐད་ཅིག་མ་གཅིག་ལའང་སེམས་ལ་བཟང་ངན་སྣ་ཚོགས་ཤིག་འཆར་འོང་སྟེ་སྐད་ཅིག་མའི་འཆར་སྒོའི་རྗེས་སུ་འབྲངས་ན་ཁྱོད་ལ་བཟོད་དཀའ་བའི་སྡུག་བསྔལ་སྣ་ཚོགས་འབྱུང་ངེས་ལ་ཉི་ཚེ་བའི་བདེ་བའང་མང་བོ་ཞིག་ཀྱང་ཐོབ་སྲིད།ཡིན་ན་ཡང་།ཁྱོད་ཀྱི་རིན་ཐང་ནི་དེ་དང་བསྟུན་ནས་འཛད་བཞིན་ཡོད་དེ།སེམས་པ་རྒྱ་ཡན་དུ་བཏང་བ་ལག་ཏུ་བསྟར་པ་ནི་མི་རང་དབང་ཅན་ཞིག་ཡིན་མོད།མི་ཁ་ཕྱོགས་ཅན་ཞིག་གཏན་ནས་མིན་ནོ།།

 9

ཡ་རབས་ཀྱི་སྤྱོད་པ་ནི་མི་བཟང་བོ་ཞིག་གི་ཚད་གཞི་སྟེང་ངག་གི་སྨྲ་བརྗོད་དང་ལུས་ཀྱི་ཉམས་འགྱུར།གྲོགས་ཀྱི་འགྲོགས་འདྲིས།སེམས་ཀྱི་འཁྱེར་སོ་བཅས་ཡོད་ཚད་འདུས་ཡོད།གལ་ཏེ་ཁྱོད་ཡ་རབས་ཀྱི་སྤྱོད་པ་ལྡན་ཚེ།ཁྱོད་ལ་ངོ་ཚ་དང་ཁྲེལ་གཞུང་ཡོད་ལ།གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པས་སྐྱེས་བུ་དམ་པར་གྱུར་ལ་དེ་ལས་ལྡོག་ཚེ་ཁྱོད་རང་མི་ཐ་ཤལ་ཞིག་ཏུ་གྱུར་པ་ཡིན་ནོ།།

1 0

བྱ་བ་གང་ཞིག་སྒྲུབ་དུས་ཀྱང་བསམ་གཞིག་གཏོང་དགོས།བསམ་གཞིག་གཏོང་བ་ནི་བླང་དོར་གྱི་ཆེད་དུ་ཡིན།བླང་དོར་ཞེས་པ་ནི་མི་དགེ་བའི་ཕྱོགས་དོར་བ་དང་དགེ་བའི་ཕྱོགས་བླང་བར་བྱ་བ་ལ་ཟེར་ཏེ་འདི་ལྟར་བླང་དོར་བྱས་ན་མ་འོངས་པར་ཁྱོད་ནི་མི་ཆེས་བཟང་བོ་ཞིག་དང་ཆེས་གྲུབ་འབྲས་ཅན་ཆེས་ཡོན་ཏན་ཅན་ཞིག་འབྱུང་ངོ་།།

དེས་ན།ཁྱོད་རང་མི་བཟང་བོ་ཞིག་བྱེད་དམ།ཐ་ཤལ་ཞིག་བྱེད།ཡང་ན་བཟང་ངན་ཅི་ཡང་མི་ཤེས་པའི་མི་བར་མ་ཞིག་བྱེད།

མི་ལ་མེད་དུ་མི་རུང་བ་ནི་སློབ་གཉེར་ཡིན།

——  《གཉིད་ལས་སད་པའི་བྱ་ཁྱུ》སྔོན་འགྲོའི་ཚབ་ཏུ་བྲིས་པ།

མི་ནི་གཞན་དོན་གྱི་ཆེད་དུ་འཚོ་བ་ཡིན་ལ་རང་དོན་གྱི་ཆེད་དུ་འཚོ་བའང་ཡིན།དེ་བས་གཞན་དོན་སྒྲུབ་པའི་ཆེད་དུ་དགོས་པའང་རྣམ་དཔྱོད་ཡིན་ལ་རང་དོན་སྒྲུབ་པའི་ཆེད་དུ་དགོས་པ་ཡང་རྣམ་དཔྱོད་ཡིན།སྔོན་བྱོན་མཁས་པས་རྣམ་དཔྱོད་མེད་ན་འཇིག་རྟེན་འདིར་འཚོ་བའི་སྙིང་བོ་མེད་པར་འདོད་ཅིང་།ད་ལྟའི་མཁས་པས་འཇིག་རྟེན་ལ་སྙིང་བོ་ལེན་པའི་ཆེད་དུ་རྣམ་དཔྱོད་དགོས་པར་འདོད།དེ་བས་རྣམ་དཔྱོད་ཀྱི་ཆེད་དུ་ཆུང་བྱིས་པའི་དུས་ནས་སློབ་གཉེར་བྱ་དགོས་ལ།གཞོན་དར་མའི་སྐབས་སུ་སློབ་གཉེར་བྱ་དགོས་པར་མ་ཟད།ལོ་རྒན་པའི་དུས་སུའང་སློབ་གཉེར་བྱ་དགོས་པ་རེད།ལྷག་པར་ཉམ་ཆུང་བའི་མི་ཞིག་དང་བློ་གྲོས་དམན་པའི་མི་ཞིག་ཡིན་ན་དེ་བས་ཀྱང་སློབ་གཉེར་བྱ་དགོས་པའང་སྨོས་མེད་རེད།

འཇིག་རྟེན་འདིར་མི་ལ་དགོས་ཤིང་མེད་དུ་མི་རུང་བ་ནི་སློབ་གཉེར་ཡིན་པས་སློབ་གཉེར་དང་ཁ་བྲལ་ཏེ་རྒྱུ་ནོར་ལོངས་སྤྱོད་ལ་འདོད་རྒུར་རོལ་བ་ནི་མི་སྨིན་བྱེད་མ་ཡིན་པར་མི་ཉམས་བྱེད་འབའ་ཞིག་རེད།མདོར་ན་སློབ་གཉེར་ནི་འཇིག་རྟེན་གྱི་རྨོངས་པ་སེལ་བྱེད་ཀྱི་གསེར་གྱི་སྣང་བ་དང་ཆོས་སྲིད་ཀྱི་གཏེར་ཁ་འབྱེད་བྱེད་ཀྱི་འོད་ཀྱི་ལྡེའུ་མིག་ཀྱང་རེད།དེ་བས་སློབ་གཉེར་གྱི་ཆེད་དུ་ཕྱོགས་སོ་སོ་ནས་སློབ་གྲྭ་མང་དུ་བཙུགས་ཤིང་སློབ་གཉེར་གྱི་ཐབས་ཚུལ་མི་འདྲ་བ་དག་གཏན་ལ་ཕབ་པའི་སློབ་གསོ་རིག་པ་ཡང་གང་མང་བྱུང་།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ནི་བོད་ཀྱི་རྣམ་དཔྱོད་ཀྱི་ཆེད་དུ་བཙུགས་པའི་སློབ་གྲྭ་ཞིག་ཡིན་ཞིང་།དེང་རབས་རིག་གནས་གནད་དུ་འཛིན་པའི་གནའ་དེང་གི་རིག་གནས་ཟུང་འབྲེལ་གྱི་སློབ་གྲྭ་ཞིག་ཡིན་པ་མ་ཟད།བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་ཟུང་དུ་འབྲེལ་བའི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སློབ་གྲྭ་ཞིག་ཀྱང་ཡིན།

སློབ་གྲྭ་འདི་ནས་ལོ་རེར་བཞིན་སློབ་མ་བརྒྱ་ཕྲག་རེ་མཐར་ཕྱིན་ཅིང་།དེ་དག་མཐར་ཕྱིན་ཁར་བོད་ཀྱི་སློབ་ཆེན་ཇི་བཞིན་མཐར་ཕྱིན་འབྲས་རྟགས་སུ་དཔྱད་རྩོམ་དང་སྙན་དེབ་དཔར་དུ་བསྐྲུན་པའི་སྲོལ་ཞིག་ཀྱང་ཆགས་འདུགསྤྱིར་ན་མཐར་ཕྱིན་དཔྱད་རྩོམ་འབྲི་བ་ནི་འབྲིང་རིམ་ཆེད་སྦྱོང་གི་སློབ་མ་ཞིག་ལ་འོས་པ་ཞིག་མིན་ལ།དེང་གི་གཞུང་བཙུགས་སློབ་གྲྭའི་མཐོ་འབྲིང་སློབ་མར་མཚོན་ན་མཐར་ཕྱིན་དཔྱད་རྩོམ་འབྲི་བ་ནི་འགྲུབ་ཐབས་མེད་པ་ཞིག་ཡིན་པ་མ་ཟད།སློབ་ཆེན་དངོས་གཞི་སློབ་མར་མཚོན་ནའང་མགོ་ན་བའི་ལས་ཀ་ཆེན་པོ་ཞིག་རེད།

དེབ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི2012ལོའི་མཐར་ཕྱིན་སློབ་མ་དག་གིས་མཐར་ཕྱིན་གྱི་འབྲས་རྟགས་སུ་བྲིས་པའི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན།དཔྱད་རྩོམ་དང་རྩོམ་ཡིག་འདི་དག་ནི་སྤྱི་ཆ་ནས་ཆེས་ལེགས་པ་ཞིག་གཏན་ནས་མ་ཡིན་པར་ཕྱོགས་གང་སར་ཞན་ཆ་མངོན་པར་གསལ་ན་ཡང་།ལོ་བཞི་ལྔ་ཞིག་ཏུ་སློབ་གཉེར་བྱས་པ་ཞིག་ལ་མཚོན་ན་ཕུལ་དུ་བྱུང་བའི་རྩོམ་ཡིག་ཏུ་མཐོང་བས་ཆེད་དུ་བསྔགས་པ་བརྗོད་འོས་པ་ཞིག་གོ།

དཔེ་དེབ་འདི་ནི་ཁོ་ཚོས་སློབ་གྲྭ་དང་ཕ་ཡུལ།སློབ་གྲྭ་འདི་དང་འདི་ལྟ་བུའི་སློབ་མ་ཤེས་བརྩོན་དང་ལྡན་པ་དག་ལ་རང་ཉིད་མཚོན་པའི་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་བརྗོད་ན་འགྲིག་སྟེ་ལེགས་སྐྱེས་འདི་ནི་ཁོ་ཚོས་སློབ་གྲྭ་འདིར་འབད་པས་སློབ་གཉེར་བྱས་པའི་འབྲས་རྟགས་སུ་ཕུལ་བ་ཡིན་ཞིང་།ཁོ་ཚོ་དང་ཁོ་ཚོ་ལྟ་བུའི་སློབ་གཉེར་བ་དག་ལ་རྟིང་སྐུལ་བྱེད་པའི་ཆེད་དུ་ཕུལ་བའང་ཡིན་འདུགལྷག་པར་ཁོང་ཚོའི་སློབ་གཉེར་ལ་རོགས་སྐྱོར་བྱེད་པའི་སྐྱེས་བོ་ཀུན་ལ་ཕུལ་བའི་ལེགས་སྐྱེས་བླ་ན་མེད་པ་ཞིག་རེད།

འདི་ལས་ཁོང་ཚོ་སློབ་གྲྭ་འདིར་ཉི་མ་བཏང་བ་མ་ཡིན་པར་མཚོན་པ་ལས་རྣམ་དཔྱོད་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བཤད་ན་གཏན་ནས་མཚོན་མི་ཐུབ།མི་སུ་ཡིན་རུང་བརྩོན་པའི་འབྲས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ལས་ཤེས་རབ་ཀྱི་འབྲས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ངེས་པ་ག་ལ་ཡོད།གལ་ཏེ་རང་ཉིད་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་འདོད་ན་ཤེས་རབ་ཡོད་པ་ཙམ་གྱིས་མི་ཆོག་པར་བརྩོན་པ་རྒྱ་ཆེན་པོ་བསྟེན་ཏེ་ཤེས་བརྩོན་ཟུང་འབྲེལ་བྱ་དགོས་པ་ལས་དེ་གཉིས་འབྲེལ་མེད་དོན་གཞན་དུ་གྱུར་ན་མེ་འབར་བ་ལྟ་བུའི་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་ན་ཡང་དེ་ལས་བྱུང་བ་ནི་འགྱོད་པ་འབའ་ཞིག་ལས་མ་འདས།

ཡིན་ན་ཡང་།རྩོམ་ཡིག་འདི་དག་གིས་ཁོ་ཚོའི་འདས་པ་མཚོན་པ་ལས་མ་འོངས་པ་མཚོན་མི་ཐུབ་ཅིང་།མི་ནི་མ་འོངས་པའི་ཆེད་དུ་འཚོ་བ་ཡིན།ཡིན་ན་ཡང་།མ་འོངས་པ་ཡོད་ཚད་དེ་རིང་དང་འབྲེལ་བས་བདག་ཁོང་ཚོར་ཐོབ་པའི་འབྲས་བུ་འདིར་ཡིད་སྤྲོ་ཞིང་།འབྲས་བུ་འདི་བརྩོན་པ་ལས་ཐོབ་པར་བསམ་ནས་ཁོང་ཚོའི་མ་འོངས་པར་ཡིད་ཆེས་མོད།མ་འོངས་པ་ནི་གཞན་གྱིས་རེ་བ་བཞིན་ཐོབ་པའི་ངེས་པས།དེ་རིང་ནས་རང་གིས་རང་ལ་རེ་བས་བལྟས་ཏེ།བརྩོན་པ་ལྡབ་འགྱུར་གྱིས་བསྐྱང་དགོས་པས་ན་མཐར་ཕྱིན་པའི་ཉིན་མོ་འདི་ནས་སོས་དལ་བག་ཡངས་སུ་སོང་ན་གཏན་ནས་མི་ལེགས་པ་ཞིག་གོ།

དེ་བས་ངས་འདིར་ཤེས་རིག་ནོར་བུའི་གླིང་ནས་མཐར་ཕྱིན་པའི་སློབ་མ་འདི་དག་གཙོ་བྱས་ཏེ་བོད་གངས་ཅན་གྱི་མཐར་ཕྱིན་སློབ་མ་རྣམས་ལ་ཞུ་རྒྱུ་ནི་མཐར་ཕྱིན་རྗེས་ཤེས་རིག་མི་འབོར་བ་དང་།མི་རིགས་མི་འབོར་བ།རང་ཉིད་མི་འབོར་བར་སྔར་ལས་ལྷག་པའི་བརྩོན་པ་རྒྱ་ཆེན་པོ་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ།

དེ་ལྟར་བྱས་ན་རང་ཉིད་རང་གིས་བདག་པོར་འགྱུར་བའི་ཐེམ་སྐས་སུ་འགྲིམ་པ་ཡིན་ལ།རང་ཉིད་འཇིག་རྟེན་འདིར་མགོ་བཀྱགས་ནས་སྡོད་ཆོག་པའི་སྦྱོར་བ་བརྩམས་པའང་ཡིན་ནོ།།དེའི་ཕྱིར།རང་གིས་རང་ཉིད་འཇིག་རྟེན་འདིར་གསོན་ཡོད་པ་གཏན་ནས་བརྗེད་མི་ཉན་ལ།རང་ཉིད་ཀྱང་མི་རིགས་འདིའི་གྲུབ་ཆ་གསོན་པོ་ཞིག་ཡིན་པ་དེ་བས་ཀྱང་བརྗེད་མི་འོས།

མཐར།མཐར་ཕྱིན་པའི་སློབ་མ་དག་གི་མ་འོངས་པར་བཀྲ་ཤིས་བདེ་ལེགས་བཅས།

    2012ལོའི་སྤྱི་ཟླ5ཚེས15ལ་མང་རར་བྲིས།

དམ་ཆོས་བདུད་རྩིའི་ཆར་བ།(1)

1、ཆོས་ཞེས་པ་ནི་རང་ཉིད་ཀྱི་སེམས་བཅོས་པ་སྟེ།རང་གི་སེམས་ངན་པ་མཐའ་དག་མེད་པར་བཟོ་ནས་རང་སེམས་བཟང་བོར་བསྒྱུར་བ་དེ་ཡིན།

2、ཆོས་ནི་མིའི་མཐར་ཐུག་གི་དོན་ཞིག་ཡིན་པ་ལས་རབ་བྱུང་བས་བསྒྲུབ་དགོས་པ་ཞིག་དང་གྲོང་བས་སྒྲུབ་མི་དགོས་པ་ཞིག་གཏན་ནས་མིན་ཏེ།སྐྱ་སེར་ཚང་མ་ཕྱི་མར་འགྲོ་དགོས་པས་སོ།།

3、ཆོས་ནི་མི་རང་ཉིད་ཀྱིས་ཉམས་སུ་ལེན་དགོས་པ་ལས་གཞན་ལ་བཤད་རྒྱུ་ཞིག་མིན།གལ་ཏེ་རང་ཉིད་ཀྱིས་ཆོས་ཉམས་སུ་ལེན་མ་ཐུབ་ན་ཆོས་ལ་སྦྱངས་ནའང་འདྲ།ཆོས་བཤད་ནའང་འདྲ།ཚང་མ་ཁ་བཤད་དུ་སོང་བས་ཕན་མི་ཐོགས།

4、གཞན་ལ་ཆོས་སྤེལ་ན་ཐོག་མར་རང་གི་ཁྱིམ་དུ་སྤེལ་དགོས།གལ་ཏེ་རང་གི་བཟའ་མི་རེ་རེས་དམ་པའི་ཆོས་ཅུང་ཟད་རེ་བསྒྲུབ་ཐུབ་ན་ཁྱིམ་ཚང་དེ་ཉིན་བཞིན་དུ་ཡར་རྒྱས་འོང་ངེས་ལ་ཇི་འདྲའི་ཁྱིམ་ཚང་ཐ་ཤལ་ཞིག་ཡིན་ཡང་རིམ་བཞིན་ཡ་རབས་ཀྱི་ཁྱིམ་ཞིག་ཏུ་འགྱུར་བ་སྨོས་མ་དགོས།

5、ཕ་མར་བརྩི་བཀུར་ནི་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཀྱི་གཙོ་བོ་ཞིག་ཡིན་ཏེ།བཀུར་བསྟི་དང་རིམ་གྲོ་ཐམས་ཅད་ལས་ཕ་མར་བཀུར་བསྟི་རིམ་གྲོ་བྱས་པར་ཕན་ཡོན་ཆེ་ལ།ཉེས་པ་ཐམས་ཅད་ལས་ཀྱང་ཕ་མར་ཁ་ལོག་ངོ་ལོག་བསྟན་པ་ཉེས་པ་ཆེ།

6、 ལྷ་ཁང་གསེར་ཁང་བརྒྱ་བཞེངས་པ་ལས་མི་གཅིག་གི་བློ་ཁ་ཆོས་ལ་བསྒྱུར་ན་ཕན་ཡོན་ཆེ་ཞིང་།ལྷ་ཁང་གསེར་ཁང་བརྒྱ་བཤིགས་པ་ལས་མི་གཅིག་གི་བློ་ཁ་ཆོས་ལས་ལྡོག་ན་ཉེས་པ་ཆེ།དེས་ན་ཁྱོད་རང་གིས་དམ་པའི་ཆོས་ལ་སྐུར་བ་འདེབས་མི་རུང་ལ།སློབ་མ་དང་གྲོགས་པོ་ལའང་དམ་པའི་ཆོས་སྤོང་ཞིང་།མི་དགེ་བའི་ལས་ལ་སྐུལ་མི་རུང་།

7、སྡོམ་པ་ལེན་པ་ནི་ཉེས་པ་ལ་མི་འཇུག་པའི་ཆེད་ཡིན་པས་ཁྱིམ་པས་རབ་ཡིན་ན་དགེ་བསྙེན་གྱི་སྡོམ་པ་ལེན་དགོས་ལ།མ་མཐའ་ཡང་བཅོ་ལྔ་གནམ་གང་སོགས་སུ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་ལེན་པ་གལ་ཆེ།

8、སུས་ཀྱང་སྡིག་པ་མ་བསྒྲུབས་པ་ཞིག་མེད་པས་མི་སུ་ཡིན་ཡང་རང་གི་སྐྱེ་བ་འདིའམ་སྐྱེ་བ་གཞན་དུ་བསགས་པའི་སྡིག་པ་ལ་འགྱོད་བཤགས་དང་ཕྱིན་ཆད་མི་སྒྲུབ་ཅེས་སྡོམ་སེམས་བསྟེན་པ་གལ་ཆེ།སྡིག་སྤོང་དགེ་སྒྲུབ་སྟེང་ནས་ཞུགས་ན་རིམ་བཞིན་སྐྱེས་བུ་དམ་པར་འགྱུར་ངེས།

9、མིའི་སེམས་རྒྱ་ཆེ་ཆུང་གི་དབང་གིས་ཆོས་གཅིག་ཡིན་ཡང་མི་སོ་སོས་བཏོན་པའི་ཕན་ཡོན་མི་འདྲ།དེ་བས་ཆོས་གང་ཞིག་སྒྲུབ་དུས་སེམས་པ་རྒྱ་བསྐྱེད་ནས་སེམས་ཅན་ཐམས་ཅད་བསམ་པ་ཤིན་ཏུ་གལ་ཆེ།

10、ཆོས་ནི་སེམས་པ་བཟང་བོའི་སྟེང་ནས་ཡོང་དགོས་པས་རྒྱུན་དུ་རང་གི་སེམས་བཟང་བོ་བྱེད་པ་གལ་ཆེ། སེམས་བཟང་བོ་ཡོང་བ་རྒྱུན་དུ་རང་གི་སེམས་ལ་བརྟག་ནས་བག་མེད་དུ་མི་འགྲོ་བ་གལ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།