ཟློས་གར་ཁང་ཆེན་མོ།

རྫོང་ཟློས་གར་ཚོགས་པའི་འཁྲབ་སྦྱོང་ཚོམས་ཆེན་གྱི་མཐིལ་ཤིང་ཐོག་ཏུ་ལག་ཁྱེར་སྒྲ་འབེབས་འཕྲུལ་ཆས་ཤིག་བཞག་ཡོད་ཅིང་། དེ་ལས་དབྱངས་རྟ་མངོན་གསལ་དོད་པོ་ཡིན་པའི་རོལ་དབྱངས་ཤིག་གཏོང་བཞིན་ཡོད། སྨན་ཤར་སྐོར་ཞིག་རོལ་མོ་དང་བསྡོངས་ནས་རྩིག་ངོས་ཀྱི་ཆེ་ཆུང་ཡོད་པའི་ལྡེབས་ངོས་ཀྱི་མེ་ལོང་ལ་ཁ་གཏད་ནས་ཞབས་བྲོ་འཁྲབ་བཞིན་ཡོད། ཞབས་བྲོ་འཁྲབ་བཞིན་པའི་སྨན་ཤར་ཚོ་ལས་གོམ་པ་འགའི་བར་ཐག་ལས་མེད་པའི་སར་དཀའ་ཐུབ་ཀྱིས་ཁོ་མོ་ཚོར་རྒྱབ་གཏད་དེ་སྐྱིལ་ཀྲུང་དུ་བསྡད་ཡོད་ཅིང་པང་དུ་སྒྲ་སྙན་འབྲུག་མགོ་མ་ཞིག་བཟུང་ཡོད། ཁོས་དབྱངས་འགྲོས་ལ་ངེས་གཏན་མེད་པར“ཆད་མ་མཐུད་ཅིག”དཀྲོལ་ཅིང་། འབྲུག་མགོ་མའི་སྒྲ་དབྱངས་དེ་སྒྲ་འབེབས་འཕྲུལ་ཆས་ལས་གཏོང་བཞིན་པའི་རོལ་མོའི་སྒྲ་ལས་ཐོལ་གྱིས་བྱུང་སྟེ་སྨན་ཤར་ཚོའི་གར་འགྲོས་འཆོལ་དུ་བཅུག་པས། ཁོ་མོ་ཚོས་ཀྱང་རེ་ཞིག་མཚམས་མི་འཇོག་ཀ་མེད་ཐུག་སྟེ་དཀའ་ཐུབ་ལ་ལྟ་བཞིན་བསྡད། དཀའ་ཐུབ་ཀྱིས་སྒྲ་སྙན་འབྲུག་མགོ་མ་པང་དུ་འཛིན་བཞིན་ལུས་སྔུན་ལ་བསེགས་ནས་འགྲམ་གཡོན་པ་སྒྲ་སྙན་ལ་དམ་པོར་སྦྱར་ཡོད་ཅིང་། སྙིང་ནས་བརྩེ་བའི་དགའ་མར་འཁྱུད་པ་དང་ཡེ་ནས་མཚུངས། ལུས་པོ་སྔུན་དུ་གཟུར་དྲགས་པའི་དབང་གིས། ཁོའི་མཐོན་པོར་འགྲེང་ཡོད་པའི་རྒྱབ་ངོས་སུ་ཡོད་ཚད་སྣང་མེད་དུ་བསྐྱུར་བ་དང་དོ་ཁུར་ཡེ་ནས་མི་བྱེད་པའི་ཉམས་སྣང་ཞིག་ཡོད་དེ། ཁོའི་རང་ཉིད་ཀྱི་ལུས་སེམས་ཡོད་ཚད་སྙིང་ནས་བརྩེ་བའི་པང་གི་དགའ་མ་དེར་ཕུལ་ཡོད།

གདུགས་དཀར་འཁྲབ་སྦྱོང་ཁང་དུ་སླེབས་བྱུང་། ཁོ་རང་སྒོ་ཁར་འགྲེང་སྟེ་ཞབས་བྲོ་འཁྲབ་བཞིན་པའི་སྨན་ཤར་ཚོར་རོལ་ཆའི་རུ་ཁག་གིས་འཁྲབ་སྟོན་བྱེད་དུས་སྒྲ་མཚམས་འཇོག་རྟགས་ལ་བཀོད་འདོམས་བྱེད་པའི་ལག་བརྡ་ཞིག་བསྟན་པས། སྨན་ཤར་ཚོས་ཀྱང་མཉམ་གཅིག་ཏུ་འཁྲབ་མཚམས་བཞག་ཅིང་། མིང་ལ་བསོད་སྐྱིད་ཟེར་བའི་བུ་མོ་དེ་ཕར་སོང་ནས་སྒྲ་འབེབས་འཕྲུལ་ཆས་ཀྱི་འཕྲལ་སྡོད་འཐེབ་ཐེངས་གཅིག་མནན་པས། རོལ་དབྱངས་ཐོལ་གྱིས་མཚམས་ཆད་སོང་།

ཏག་ཏག་སྐབས་འདིར། དཀའ་ཐུབ་ཀྱི་སྒྲ་སྙན་འབྲུག་མགོ་མ་ལ་གློ་བུར་སྒྲ་ལོག་ཅིག་གྲགས་ཏེ་སྨན་ཤར་ཚོ་རང་དབང་མེད་པར་འུར་ཆིལ་ལེར་གད་མོ་ཤོར། དཀའ་ཐུབ་ཀྱིས་ཀྱང་ལྟག་རྒྱབ་ཀྱི་འགྱུར་ལྡོག་ཚོར་ཏེ། བྲེལ་སྟབས་ངང་ཡར་ལངས་ནས་ཕྱིར་འཁོར་རྗེས་གདུགས་དཀར་སྒོ་ཁར་ལངས་འདུག་པ་མཐོང་། ཁོ་གཉིས་ཀྱི་བར་ན་སྨན་ཤར་སྐོར་ཞིག་ལས་མེད་པར་ཕན་ཚུན་ཁ་གཏད་དུ་ལྟ་བཞིན་ཡོད་ཅིང་། གདུགས་དཀར་གྱིས་དཀའ་ཐུབ་ལའང་སྒྲ་སྙན་དཀྲོལ་མཚམས་འཇོག་དགོས་པའི་ལག་བརྡ་ཞིག་བསྟན།

“ད་ནི་ང་ཚོ་ཟློས་གར་ཁང་ཆེན་མོར་འགྲོ་རྒྱུར་ཉིན་གཉིས་ལས་མི་འདུག”  གདུགས་དཀར་གྱི་མིག་རྒྱང་དཀའ་ཐུབ་ཀྱི་ཕྱོགས་ནས་ཕར་སྤོས་ཏེ། སྨན་ཤར་ཚོའི་ཕྱོགས་ལ་འཁྱུག་ཙམ་བལྟས།

ཁོས་ཡང་བསྐྱར། “ལོ་རྒྱུས་རང་བཞིན་ལྡན་པའི་དུས་འདི་ཉིད་བསླེབ་རྒྱུར་ཉིན་གཉིས་ལས་མི་འདུག”ཟེར་བཞིན། སྐད་གདངས་ཇེ་མཐོར་གཏོང་ཞིང་གཡས་ལག་གི་གོང་མཛུབ་དང་དཀྱིལ་མཛུབ་གཉིས་ཀེ་རེར་བསྲིངས་ནས་ལག་གཡས་པ་ཡར་བཀྱགས་ཏེ་ཡམ་ཡོམ་བྱས།

དཀའ་ཐུབ་ཀྱིས་གདུགས་དཀར་གྱི་སྐད་ཆ་ལ་ཉན་བཞིན་རྐང་པ་གཉིས་རང་དབང་མེད་པར་འགུལ་ཙམ་བྱུང་བས། ཝུ་ཆང་ཤེལ་དམ་སྟོང་པ་ཞིག་ལ་ཕོག་སྟེ་སར་བསྒྱེལ་ཞིང་། ཤེལ་དམ་དེ་གསལ་ཞིང་འཛེར་བའི་སྒྲ་དང་བཅས་མཐིལ་ཤིང་ཐོག་ཏུ་བསྒྲིལ་ནས་སྨན་ཤར་ཚོའི་རྐང་པའི་སྔ་རྟིང་དུ་སླེབས་པ་ན། བསོད་སྐྱིད་ཀྱིས་རྐང་པ་སྔུན་ལ་བརྐྱངས་ཙམ་བྱས་ཏེ་ཤེལ་དམ་ཉིད་འཕྲལ་མར་བཀག་བྱུང་།

ཝུ་ཆང་ཤེལ་དམ་དེ་འགོག་རག་བར་དུ། དཀའ་ཐུབ་དང་གདུགས་དཀར་གཉིས་ཀྱིས་ཤེལ་དམ་ལ་མིག་ཅེར་ནས་ཡོད་ཅིང་། ཁོ་གཉིས་ཀྱི་མིག་རྒྱང་ཕ་ལམ་དུས་གཅིག་ལ་ཡར་བཀྱགས་ཏེ་ཕ་རོལ་པོ་ལ་བལྟས་པ་ཡིན།

“ཁྱོད་ཀྱིས་ཆང་འཐུང་བཞིན་ཡོད་དམ།” གདུགས་དཀར་གྱིས་ལག་པ་བསྲིངས་ཏེ་དཀའ་ཐུབ་ལ་ལག་བརྡ་གང་རུང་གིས་སྐྱོན་བརྗོད་བྱེད་བཞིན་སྔུན་དུ་སོང་ཞིང་། ཁོ་རང་སྨན་ཤར་ཚོའི་བར་བརྒལ་ནས་འགྲོ་དུས་ཁོ་མོ་ཚོས་ཀྱང་འཚང་ཁ་ཤིག་ཤིག་གིས་ཕྱི་བསྣུར་བྱས་ཏེ་འགྲོ་ལམ་ཕྱེ།

ཁོ་རང་དཀའ་ཐུབ་ཀྱི་སྔུན་ནས་ཡར་འགྲེང་། དཀའ་ཐུབ་སྒྲ་སྙན་འབྲུག་མགོ་མར་བསྙེས་ནས་གསེག་ཙམ་གྱིས་ཡར་ལངས་ཏེ་བསྡད།

གདུགས་དཀར་གྱིས། “ངས་ཁྱོད་ལ་ཆང་འཐུང་མི་རུང་ཞེས་བརྗོད་མ་མྱོང་ངམ”ཟེར།

“ངས་ཤེས་ཡོད།” དཀའ་ཐུབ་ཀྱིས་བཤད་རྒྱུར། “ངས་སྒྲ་སྙན་ཡག་པོ་ཞིག་དཀྲོལ་ཐུབ་པའི་ཆེད་དུ་འཐུངས་པ་ཡིན། ཆང་མ་འཐུང་ན་ཚོར་པ་རྙེད་དཀའ་མོར་གདའ། དེ་ཁྱེད་ཀྱིས་ཀྱང་ལོས་ཤེས” ཞེས་སྨྲས།

“ཡིན་ཡང་ཐེངས་འདིའི་འཁྲབ་སྟོན་ཧ་ཅང་གལ་ཆེན་པོ་ཡིན་པས། ཁྱོད་ཀྱིས་ཆང་འཐུང་བར་རྐྱེན་བྱས་ཏེ་དོན་ཆེན་ལ་འགོར་འགྱངས་མ་བྱེད”ཟེར།

“ཡ། ངས་ཁྱེད་ཀྱི་ཁར་ལོས་ཉན།” དཀའ་ཐུབ་ཀྱིས་དེ་ལྟར་སྨྲས།

གདུགས་དཀར་གྱིས་ཁོས་ཚུར་ལྟ་བཞིན་པར་མིག་ཅེར་ཏེ། “ཁྱོད་ཀྱིས་ཕལ་ཆེར་ཐེངས་འདིའི་འཁྲབ་སྟོན་གྱི་དོན་སྙིང་གལ་འགངས་ཆེ་བ་དེ་རྟོགས་མེད་ཀྱང་སྲིད།” ཁོས་བཤད་རྒྱུར། “ཡང་ན་འདི་ལྟར་བརྗོད་ཀྱང་ཆོག་ཏེ། ང་ཚོས་སྔོན་ལ་འཁྲབ་སྟོན་བྱས་པ་དེ་དག་ཚང་མ་ནི་ཐེངས་འདིའི་འཁྲབ་སྟོན་ལ་བསྡུར་བས་ཅི་ཡང་རེད་མི་འདུག”ཟེར།

“འགོ་པ་ལགས། ངས་ཤེས་སོང་།”

“དེས་ན་ཆང་མ་འཐུང་།” གདུགས་དཀར་གྱིས་བཤད་རྒྱུར། “ཟློས་གར་ཁང་ཆེན་མོའི་འཁྲབ་སྟོན་ནི་བབ་བརླིང་ལྡན་ཞིང་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡིན་དགོས་པ་ལས། ཁྱོད་ཀྱིས་སྔོན་ཆད་གང་འདོད་བྱས་པ་དེ་འདྲ་ཞིག་ག་ལ་ཡིན”ཟེར།

“ཡ། ད་མི་འཐུང་།” དཀའ་ཐུབ་ཀྱིས་དེ་ལྟར་སྨྲ་བཞིན་དུ་རང་དབང་མེད་པར་མར་རྐང་མགོའི་ཕྱོགས་སུ་ལྟ་ཙམ་བྱེད་ཅིང་། ད་དུང་ཁ་ཕྱེ་མེད་པའི་ཝུ་ཆང་ཤེལ་དམ་གཉིས་ལྷག་ཡོད།

གདུགས་དཀར་གྱིས་དཀའ་ཐུབ་ཀྱི་མིག་རྒྱང་དང་འགྲོགས་ནས་ཝུ་ཆང་ཤེལ་དམ་དེ་གཉིས་མཐོང་རྗེས། མདུན་དུ་གོམ་གང་སྤོས་ཏེ་ལུས་པོ་མར་སྒུར་ནས་ལག་པ་གཉིས་ཤེལ་དམ་རེ་རེའི་རྐེད་པར་འཇུས་ཏེ། དཀའ་ཐུབ་ཀྱི་མདུན་དུ་བློ་བག་མི་ཕེབས་པའི་སྒོ་ནས་ཡམ་ཡོམ་ཞིག་བྱས་རྗེས་ཕྱིར་འཁོར་ཏེ་སྒོར་བུད་སོང་།

གདུགས་དཀར་སྒོ་ཁར་ཐོན་མ་ཐག་ཁ་ཕྱིར་འཁོར་ཏེ།  “ཝེ། ཐེངས་འདིའིTམཁར་གྲོང་གི་ཟློས་གར་ཁང་ཆེན་མོའི་ནང་འཁྲབ་སྟོན་བྱེད་དུ་འགྲོ་མཁན་ཚོ། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་ཆེས་ལེགས་པའི་མངོན་ཚུལ་དེ་སྟོན་དགོས”ཟེར།

“ཤེས་སོང་ལགས།” སྨན་ཤར་ཚོས་ཕལ་ཆེར་མགྲིན་གཅིག་ཏུ་ལན་བཏབ་བྱུང་།

དཀའ་ཐུབ་ཀྱིས་ཀྱང་། འོ་ཡ་ཞེས་ཁ་གདང་ཙམ་བགྱིས།

“ཁྱོད་ཚོས་མུ་མཐུད་དུ་འཁྲབ་སྦྱོང་གྱིས།”  གདུགས་དཀར་གྱིས་དེ་ལྟར་སྨྲ་བཞིན་ཕྱིར་བུད་སོང་།

བསོད་སྐྱིད་ཀྱིས་སྒྲ་འབེབས་འཕྲུལ་ཆས་ཀྱི་ཁ་ཕྱེ་སྟེ་རོལ་དབྱངས་གྲགས་འགོ་བརྩམས་ཤིང་། དཀའ་ཐུབ་སྔར་བཞིན་དེ་གར་ལངས་འདུག

གདུགས་དཀར་གྱིས་ཁོའི་འཁྲབ་སྟོན་རུ་ཁག་ཁྲིད་ནསTམཁར་གྲོང་དུ་བསླེབས། འདིའི་སྔོན་ལ་ཁོ་ཚོ་རྒྱང་སྐྱོད་མགྲོན་འཁོར་དང་། མེ་འཁོར། གནམ་གྲུ། གླ་གཏོང་རླངས་འཁོར། འདྲུད་བྱམས་སོགས་ཀྱི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་དེ། ཉིན་ཞག་ཕྲུགས་གཅིག་དང་མཚན་གཅིག་ལ་རྒྱུག་པས་ད་གཟོདTམཁར་གྲོང་གི་ལྟེ་བའི་ཐང་ཆེན་དུ་འབྱོར་བ་ཡིན་ཞིང་། གདུགས་དཀར་དང་དཀའ་ཐུབ་གཉིས་མ་གཏོགས་ཁོ་ཚོའི་ཁྲོད་ལས་མི་ཕལ་མོ་ཆེ་ནི་འདི་གར་ཐེངས་དང་པོར་སླེབས་པ་ཡིན་པས་ཚང་མ་དགའ་སྤྲོ་རབ་ཏུ་རྒྱས་ཡོད། ཁོ་ཚོས་ཐང་ཆེན་དེའི་རོལ་མོའི་གྱེན་འཕྱུར་ཆུ་མིག་གི་མདུན་ནས་ལྷན་བཞུགས་འདྲ་པར་བསྐྱོན་ཅིང་། ཅ་ལག་ཙག་ཙིག་བསྐོར་ཚོང་རྒྱག་སའི་ཁེ་ཚོང་པའི་གནས་དེ་ནས་གྲོང་ཁྱེར་འདིའི་ས་རྟགས་གཟུགས་རིས་སུ་བཀོད་པའི་རྗེས་དྲན་དངོས་རྫས་རེ་ཉོས་པ་དང་། ད་དུང་བོད་གཙོད་ཀྱི་གཟུགས་སུ་བཀོད་པའི་སྐེ་འདོགས་ཆུང་ཆུང་རེ་ཡང་ཉོས་ཡོད་དེ། བོད་གཙོད་ཟེར་བ་ནི་ཁོ་ཚོའི་ཕ་ཡུལ་གྱི་ནོར་བུ་ཞིག་ཡིན། དཀའ་ཐུབ་ཀྱིས་ཐག་རིང་པོའི་སར་གྱི་ཐོག་ཁང་ཞིག་བསྟན་ཏེ། ན་རེ། “ཕ་གི་དེ་བརྙན་འཕྲིན་ཁང་རེད། ང་རང་ཁོ་ཚོའི་བོད་ལུགས་ལོ་གསར་སྤྲོ་ཚོགས་སྟེང་ཞུགས་མྱོང་ལ། དེ་མེ་ཡོས་ལོ་ཡིན”ཟེར།

“ད་ཁྱོད་ཀྱི་དོན་དག་དེ་མ་གླེང་།” གདུགས་དཀར་གྱིས་འཕྲལ་མར་བཤད་རྒྱུར། “ཐེངས་འདིའི་འཁྲབ་སྟོན་ལ་བསྡུར་ན། ཁྱོད་ཀྱི་དེ་སྔའི་དོན་ཆུང་དེ་ནི་གླེང་རིན་མེད་པ་ཞིག་རེད”ཟེར།

དཀའ་ཐུབ་ཀྱིས་སྐད་ཆ་བཤད་འདོད་ཀྱང་ཁ་གྲགས་མ་བྱུང་།

“ཁྱོད་ཚོས་པར་ཆས་ནང་དུ་འདྲ་པར་གསོག་འཇོག་བྱེད་ས་ཤིག་སྐྱུར་དང་། ཟློས་གར་ཁང་ཆེན་མོའི་ནང་དུ་ཐོན་དུས་འདྲ་པར་ལེན་དགོས་ས་མང་པོ་ཡོད།”  གདུགས་དཀར་གྱིས་དེ་ལྟར་སྨྲ་བཞིན་མདུན་དུ་འགྲོ་ཞིང་། ཁོས་ཁྲིད་ཡོང་བའི་མི་རྣམས་ཀྱང་ཁོའི་རྗེས་འབྲངས་ནས་སོང་།

དཀའ་ཐུབ་ཁོ་ཅག་ཚང་མའི་རྗེས་སུ་ལྷག་འདུག  སྒྲ་སྙན་འབྲུག་མགོ་མ་དེ་ཁོས་རྒྱབ་ཏུ་འཕྲེད་གཟུར་བྱས་ནས་ཁུར་ཡོད་དེ། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་མཛེས་པའི་ཁ་བཏགས་ཤིག་གིས་བཅིངས་ཡོད་ཅིང་དར་གྱི་ཤམ་བུ་རིང་པོ་ཐུར་དུ་དཔྱངས་ཏེ་སར་འདྲུད་བཞིན་ཡོད། ཁོའི་མདུན་དུ་འགྲོ་བཞིན་པའི་གཞོན་ནུ་ཞིག་གློ་བུར་ཁ་ཕྱིར་འཁོར་ནས་བསྡད་དེ། ངོ་དགའ་བྱེད་པའི་ཚུལ་གྱིས་འཛུམ་ཏོག་ཙམ་སྟོན་ཀྱིན་དུ། “ངས་ཁྱོད་ལ་སྒྲ་སྙན་འཁུར་རོགས་བྱེད”ཟེར། ཡིན་ན་ཡང་། དཀའ་ཐུབ་ཀྱིས་གཞོན་ནུ་དེ་ལ་ཁ་ཡ་མ་བྱས་པར་ཐད་ཀར་མདུན་དུ་བསྐྱོད་པ་ན། གཞོན་ནུས་ཁོའི་རྗེས་འབྲངས་ནས་འབྲལ་བ་མེད་པར་འོངས།

གཞོན་ནུ་དེའི་མིང་ལ་ཁ་སྐོང་ཟེར། དཀའ་ཐུབ་ཀྱིས་འགོ་པས་ཁོ་རང་ཁྲིད་ཡོང་བའི་དམིགས་ཡུལ་རྩ་བ་ནས་ཧ་གོ་སོང་ལ། ཁོ་ནི་དཀའ་ཐུབ་ཀྱི་བརྗེ་ཚབ་པ་ཡིན་ཏེ། དཀའ་ཐུབ་དང་བསྡུར་ན། ཁོས་སྒྲ་སྙན་འབྲུག་མགོ་མ་ཤིན་ཏུ་ནང་བྱན་ཆུད་པ་ཞིག་དཀྲོལ་མི་ཤེས་མོད། འོན་ཀྱང་། གདུགས་དཀར་གྱིས་སྔར་བཞིན་དཀའ་ཐུབ་ལ་བློ་འགེལ་ཐུབ་ཀྱིན་མེད་པས། བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་འབྱུང་བའི་ཆེད་དུ་ཁ་སྐོང་ཡང་ཁྲིད་ཡོད། གདུགས་དཀར་ལ་མཚོན་ན། བྱེད་ཐབས་འདི་ནི་དེ་ལྟར་མི་སྒྲུབ་ཀ་མེད་དུ་ཐུག་པ་ཞིག་ཡིན་ན་ཡང་། དཀའ་ཐུབ་ཀྱི་ངོས་ནས་བཤད་ན། དེ་ནི་ཁོའི་ཐོབ་ཐང་དང་མཚན་སྙན་ལ་གནོད་པའི་དམའ་འབེབས་ཤིག་ཅི་ལ་མིན།

ཁ་སྐོང་དང་དཀའ་ཐུབ་གཉིས་སྔ་གཞུག་མེད་པར་མཉམ་དུ་སོང་། “ང་རང་ཁྱོད་ལ་ཡིད་སྨོན་སྐྱེ་འོངས།” ཁོས་བཤད་རྒྱུར། “བོད་ལུགས་ལོ་གསར་དགུང་ཚོགས་ཀྱི་འཁྲབ་སྟོན་ལ་ཞུགས་མྱོང་། ད་དུང་འཁྲབ་སྟོན་གཞན་ལའང་ཞུགས་མྱོང་འདུག   འགོ་པས་དེ་ལྟར་བཤད་ན་ཡང་། ངས་ནི་དཔེ་མི་སྲིད་པ་ཞིག་རེད་སྙམ”ཟེར།

དཀའ་ཐུབ་ཀྱིས་སྐད་ཆ་ཅི་ཡང་མ་ལབ།

ཁོ་ཚོ་ཟློས་གར་ཁང་ཆེན་མོའི་སྒོ་ཁར་ཐོན་བྱུང་།

ཟློས་གར་ཁང་ཆེན་མོ་དེ་ནི་བཟོ་སྐྲུན་ཟུར་གསུམ་མ་ཞིག་ཡིན་ཏེ། རྣོ་ཤེལ་ཡོངས་རྫོགས་ལས་འོད་རླབས་མིག་ལ་ལྷག་པར་འཚེར་བ་ཞིག་ཉི་འོད་འོག་ཕྱིར་ལྡོག་སྟེ་འཕྲོས་འོངས།

“གཏོར་གཟུགས་མཆོད་རྟེན་ལ་འདྲ་པོ་འདུག” ཁ་སྐོང་གིས་སྨྲས།

“གཏོར་གཟུགས་མཆོད་རྟེན་ལ་འདྲ་པོ་འདུག་གམ། གཏོར་གཟུགས་མཆོད་རྟེན་ནི་འཛམ་གླིང་དུ་སྐད་གྲགས་ཤིན་ཏུ་ཆོད་པ་ཞིག་ཡིན་མོད། དེ་ཡང་རྡོ་བརྩིགས་བརྒྱབ་ནས་བསྐྲུན་པ་ལས་གཞན་ཅི་ཞིག”ཟེར་བཞིན། གདུགས་དཀར་གྱིས་དེ་ལས་ཐག་མི་རིང་བའི་སར་ཆགས་པའི་ཐོག་ཁང་དེར་བསྟན་ཏེ། “གན་ཅི་ཞིག་རེད་དམ། ཆུ་ཤེལ་གྱི་མཆོད་རྟེན་ཞིག་ཡིན་ནམ། རྡོ་རྗེ་ཕ་ལམ་གྱི་མཆོད་རྟེན་ཞིག་ཡིན་ནམ། དེར་མ་ཟད་རླབས་ཆེ་བའི་རོལ་མོའི་སྒྱུ་རྩལ་དང་ཟློས་གར་སྒྱུ་རྩལ་ཡང་དེར་ཤོང་འདུག་པས། ངོ་མ་སྲིད་ན་དོ་ཟླ་མེད་པ་ཞིག་མ་རེད་དམ།”

གདུགས་དཀར་གྱིས་བཤད་ཚར་བའི་མོད་ལ་བབ་དང་བསྟུན་ནས་སར་སྐྱིལ་ཀྲུང་དུ་ཙོག་བཞིན་ལག་ཟུང་ཐལ་མོ་སྦྱར་ཏེ། “ཡ་ཤོག་དང་། ང་ལ་འདྲ་པར་ཞིག་ལེན་རོགས”ཞེས་སྨྲས།

ཁ་སྐོང་གིས་བྲེལ་སྟབས་ངང་ནས་རང་ཉིད་ཀྱི་ལག་འཁྱེར་ཁ་པར་ཡར་བཏེགས།

གདུགས་དཀར་གྱིས་ད་དུང་ཅི་དང་གང་ཞིག་ཡོད་ན་ལེགས་སམ་སྙམ་སྟེ་ཡར་ལྟ་མར་ལྟ་ཞིག་བྱས་པས། ཁོས་དཀའ་ཐུབ་ཀྱི་ལག་མགོའི་ཕྲེང་བ་མཐོང་། མྱུར་བར་ཡར་ལངས་ཏེ་དཀའ་ཐུབ་ལ། “ཁྱོད་ཀྱི་ཕྲེང་བ་དེ་ང་ལ་ཐེངས་གཅིག་གཡར་རོགས”ཞེས་སྨྲས།

དཀའ་ཐུབ་ཀྱིས་ཐེ་ཚོམ་ཟ་བའི་ངང་ནས། ལག་མགོའི་ཕྲེང་བ་བླངས་ཏེ་གདུགས་དཀར་ལ་སྤྲད། གདུགས་དཀར་སླར་སྐྱིལ་ཀྲུང་དུ་ཙོག་ནས་ཕྲེང་བ་དེ་གཡོན་ལག་གི་མཁྲིག་མར་གྱོན་ཏེ་ལག་ཟུང་ཐལ་མོ་སྦྱར།

“ཡ། ད་གྲ་སྒྲིག་བྱས་ཟིན།” ཁོས་བཤད་རྒྱུར། “ཟློས་གར་ཁང་ཆེན་མོ་ཡོངས་རྫོགས་པར་དུ་ལེན་ཐུབ་དགོས”ཟེར།

ཁ་སྐོང་བྲེལ་སྟབས་ངང་གདུགས་དཀར་གྱི་མདུན་དུ་ཕྱིན་ཏེ་ལག་འཁྱེར་ཁ་པར་ཡར་བཏེགས་ནས་པར་བླངས།

ཕྱི་ཉིན། ད་སྔོན་ཏག་ཏག་ལ་ནངས་ཇ་འཐུངས་ཚར་མ་ཐག  གདུགས་དཀར་གྱིས་འཁྲབ་སྟོན་པ་ཚང་མར་གདོང་དུ་བྱུག་ལས་ལེགས་པར་བྱེད་པ་དང་འཁྲབ་ཆས་དག་གྱོན་དུ་བཅུག དུས་ཚོད་དགུ་པ་ཡོལ་ནས་ཅུང་མ་འགོར་བར། འཁྲབ་སྟོན་པ་ཚང་མ་ཁྲིད་ནས་ཁོ་ཚོ་སྡོད་སའི་མགྲོན་ཁང་ནས་རླངས་འཁོར་ལ་བསྡད་དེ་ཟློས་གར་ཁང་ཆེན་མོའི་ཕྱོགས་སུ་བསྐྱོད། ཁོ་ཚོའི་འཁྲབ་སྟོན་བཀོད་སྒྲིག་དེ་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་ཡིན་ལ། སྐབས་འདིར་སོང་ན་དངོས་གནས་སྔ་དྲགས་ཡོད་པར་མ་ཟད། ཕལ་ཆེར་དྲོས་ཇ་བཏུང་ཐུབ་རྒྱུའང་དཀའ་ཚོད་དུ་འདུག་མོད། འོན་ཀྱང་། ཁོས་སྔར་བཞིན་དེ་ལྟར་དུ་སྒྲུབ་རྒྱུ་ཐག་བཅད།

རླངས་འཁོར་ལས་བབས་རྗེས། ཁོས་འཁྲབ་སྟོན་པ་རྣམས་ཁྲིད་ནས་ཟློས་གར་ཁང་ཆེན་མོའི་ནང་དུ་ཕྱིན། རོལ་མོའི་ཚོམས་ཆེན་དུ་ཤར་སྐྱོད་བྱེད་སའི་བགྲོད་ལམ་ནང་དུ་མདོག་དམར་པོའི་ས་གདན་མཐུག་པོ་ཞིག་བཏིངས་ཡོད་ཅིང་། ས་གདན་ཐོག་འགྲོ་དུས་ཁོ་ཅག་ཚང་མའི་གདོང་མདོག་བབ་ཆགས་པོ་ཞིག་ཡིན་པས་སུས་ཀྱང་སྐད་ཆ་ལབ་མ་སོང་། བགྲོད་ལམ་དེ་རིང་རྒྱུ་ཆེར་མེད་ན་ཡང་། འོན་ཀྱང་། ཁོ་ཅག་ཚང་མ་དཀའ་སྡུག་ཆེ་བ་ཞིག་སོང་ཡོད་དེ། ཐ་ན་སྤྱི་ཚོགས་ཀྱི་གང་ཅིའི་གནས་ཚུལ་ཅུང་ཟད་མཐོང་མྱོང་བའི་དཀའ་ཐུབ་ཀྱི་རྒྱབ་ནས་ཀྱང་རྔུལ་ནག་ཕྲན་ཙམ་ཐོན། ཁོས་རང་ཉིད་ནི་ཁ་བ་མཐུག་པོའི་ནང་དུ་འགྲོ་བཞིན་འདུག་སྙམ་ཞིང་། གོམ་པ་གང་རེ་སྤོས་ན་ཤེད་ཤུགས་ཅུང་ཟད་རེ་གྲོན་པར་བྱེད་དགོས། འདི་ནི་ཁོ་ཚོ་ཐེངས་དང་པོར་ས་གདན་ཐོག་ནས་སོང་བ་སྟེ་འདི་ལྟ་བུའི་ཁ་བ་དམར་པོའི་ནང་སོང་བ་ཡིན།

བགྲོད་ལམ་གྱི་མཐའ་སྟེ་རོལ་མོའི་ཚོམས་ཆེན་ནང་དུ་སྐྱོད་པའི་སྒོ་ཁར། འོད་ཆེམ་ཆེམ་དུ་འཁྱུག་པའི་གསལ་སྟོན་འགེལ་བྱང་ཞིག་གི་ངོས་སུ“བཏུང་བྱའི་རིགས་ནང་དུ་ཁྱེར་མི་རུང”ཞེས་པའི་ཡིག་འབྲུ་དག་བྲིས་ཡོད། གདུགས་དཀར་གྱིས་དེ་མཐོང་རྗེས་འགྲོ་མཚམས་བཞག་སྟེ་དཀའ་ཐུབ་སླེབས་འོང་བར་བསྒུགས།

“མཐོང་བྱུང་ངམ།” ཁོས་གསལ་སྟོན་འགེལ་བྱང་དེ་སྟོན་བཞིན་ན་རེ།  “འདི་གར་ཆུ་ཡང་འཐུང་མི་ཉན་ན། ཆང་འཐུང་རྒྱུ་ལྟ་ཅི་སྨོས”ཟེར།

དཀའ་ཐུབ་ཀྱིས་འོད་འཁྱུག་བཞིན་པའི་ཤེལ་ཡོལ་ལ་ལྟ་བཞིན། ཧ་གོ་སོང་བའི་ཚུལ་གྱིས་མགོ་བོ་ནང་དུ་བཀུག

རོལ་མོའི་ཚོམས་ཆེན་ནང་གློག་འོད་ཀྱི་དཀར་ཆ་ཞན་ཅིང་གར་སྟེགས་ཐོག་ཏུ་ཤིང་ལེབ་དང་། ཚོན་ཁྲའི་དར་དཔྱངས། ཤོག་སྒམ་སོགས་དངོས་པོ་ཟིང་ངེ་ཟིང་ངེ་ལུང་པ་གང་བཞག་ཡོད། ས་ཆ་གཞན་པའི་ཡུལ་སྐད་ཀྱི་སྒྲ་གདངས་ཀྱིས་སྐད་ཅོར་རྒྱག་ཅིང་ཉེན་འགོག་ཞྭ་མོ་གྱོན་པའི་མི་འགའ་གར་སྟེགས་ཐོག་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་ཅིང་། ད་དུང་མི་སྐོར་ཞིག་གིས་གར་སྟེགས་དང་ལྟད་མོ་པའི་བར་གྱི་ས་སྟོང་དུ་མཐའ་བསྐོར་ནས་ཙོག་བསྡད་ཡོད་དེ། སྐད་ཅོར་གྱི་སྒྲ་སྣ་ཚོགས་དེ་གར་དུས་ངེས་མེད་ལ་ལྷང་འོངས།

གདུགས་དཀར་གྱི་ལས་ཀ་བྱེད་མཁན་རྣམས་རོལ་མོའི་ཚོམས་ཆེན་ནང་དུ་འཛུལ་བྱུང་། ཀུན་ཀྱང་བསམ་ཡུལ་ལས་འདས་པ་དང་སྣང་བ་བན་བུན་ཞིག་ཏུ་གྱུར་ཏེ། ཁོ་ཚོས་མིག་མདུན་གྱི་འདི་དག་ལ་ལྟ་བཞིན། ཡང་གདུགས་དཀར་ལ་ལྟ་ཙམ་བྱེད།

“མྱུར་བར་གནས་ཤིག་བཙལ་ཏེ་འཁྲབ་སྦྱོང་བྱེད་དུ་སོང་། ང་ལ་བལྟས་ནས་ཅི་བྱེད།” གདུགས་དཀར་གྱིས་དེ་ལྟར་བཤད།

སྨན་ཤར་ཚོ་ལྟད་མོ་པའི་འདུག་སྟེགས་རྩིབ་ལོགས་ཀྱི་ས་སྟོང་ཞིག་གི་ཕྱོགས་སུ་འགྲོ་འགོ་བརྩམས། དཀའ་ཐུབ་གདུགས་དཀར་གྱི་འཁྲིས་ནས་ཕར་སོང་། “ཁྱོད་ཀྱིས་ཀྱང་སྦྱོང་བ་བྱོས།”གདུགས་དཀར་གྱིས་ཁོ་ལ་དེ་ལྟར་སྨྲས།

དཀའ་ཐུབ་ཀྱིས་མོས་མཐུན་གྱི་མགོ་བོ་སྒུར་ཙམ་བྱས་ཏེ། སྔོན་ལ་ཁོ་རང་མཐའ་བསྐོར་ནས་ལྷན་ཅིག་ཏུ་ཙོག་བསྡད་ཡོད་པའི་མི་དེ་ཚོའི་ཕྱོགས་སུ་སོང་།

ཁོ་ཚོས་ཏག་ཏག་ཤོག་ཤོ་རྒྱག་བཞིན་ཡོད་ཅིང་ཚགས་པར་ཞིག་ས་གཅལ་དུ་ཐད་འདིང་བྱས་ཡོད། སྐོར་ཚོགས་ནང་གི་མི་འགས་རྒྱུན་ཆད་མེད་པར་ཚགས་པར་སྟེང་དུ་ཤོག་ཤོ་དབྱུག་པ་དང་། སྐོར་ཚོགས་ཕྱིའི་མི་དག་གིས་སྐད་ཅོར་བརྒྱབ་ནས་རྩོད་གླེང་བྱས་ཏེ་ཤོག་ཤོ་རྩེ་བཞིན་པའི་མི་དག་ལ་བཀོད་འདོམས་བྱེད་བསམ་ཡོད། ཁོ་ཚོས་དུ་བ་འཐེན་བཞིན་དུ་སྨུག་དང་སྐད་ཅོར་རྒྱག་པའི་འུར་སྒྲ་དེ་ཁོ་ཚོའི་གནས་དེ་ནས་རོལ་མོའི་ཚོམས་ཆེན་ནང་རྒྱ་ཁྱབ་ཏུ་མཆེད་འོངས།  རོལ་མོ་ཞིག་གློ་བུར་གྲགས་བྱུང་ལ། དེ་ནི་སྨན་ཤར་ཚོས་འཁྲབ་སྦྱོང་བྱེད་འགོ་བརྩམས་པ་ཡིན། དཀའ་ཐུབ་ཀྱིས་མགོ་ཡར་བཀྱགས་ཏེ་སྨན་ཤར་ཚོའི་ཕྱོགས་ལ་ལྟ་ཙམ་བྱས་རྗེས་མགོ་བོ་འཕྲེད་དུ་གཡུགས། ཡུལ་འདི་ནི་ཁོས་སྣང་ཡུལ་དུ་བསམས་པ་དེ་འདྲ་ཞིག་རྩ་བ་ནས་མིན་པས། ཁོས་འདི་འདྲའི་ཁོར་ཡུག་ཅིག་ཏུ་སྒྲ་སྙན་དཀྲོལ་སྦྱོང་བྱེད་ཐབས་མེད་ཅིང་། ཁོའི་གསུས་ཁོག་ཀྱང་ཙག་ཙིག་ན་འགོ་བརྩམས།

ཁོས་སྒྲ་སྙན་འབྲུག་མགོ་མ་ཁུར་ཏེ་མི་དེ་ཚོ་དང་ཁ་འབྲལ་དུས། ཁ་སྐོང་ཁོའི་འཁྲིས་སུ་ལངས་འདུག་པ་མཐོང་བས། ཁོས་རྒྱབ་ནས་སྒྲ་སྙན་བླངས་ཏེ་ཁ་སྐོང་ལ་བྱིན། ན་རེ།  “ང་གསང་སྤྱོད་ཁང་དུ་འགྲོ་དགོས”ཞེས་བཤད་ཚར་བའི་མོད་ལ་སྒོའི་ཕྱོགས་སུ་བུད་སོང་།

ཁོ་རང་ཡང་བསྐྱར་ས་གདན་དམར་པོའི་ཐོག་འགྲོ་དུས། ད་ནི་ཁ་བ་མཐུག་པོའི་ནང་དུ་འགྲོ་བཞིན་པའི་སྣང་བ་དེ་འདྲ་ཞིག་ཡེ་ནས་ཚོར་མ་བྱུང་།

བགྲོད་ལམ་གྱི་གྲུ་ཟུར་ཞིག་ཏུ། བགྲོད་ལམ་གཞན་ཞིག་ཐག་རིང་གི་སར་ཡོད་པའི་ཤེལ་གྱི་བརྙན་གྱང་གི་ཕྱོགས་སུ་བསྲིངས་ཡོད་ཅིང་། བུད་མེད་ཅིག་གིས་དེ་གར་པང་གཅལ་བཀྲུ་བཞིན་ཡོད། དཀའ་ཐུབ་ཕར་སོང་སྟེ་ཁོ་མོར་རྒྱ་སྐད་ཀྱིས། “གསང་སྤྱོད་ཁང་ཞིག་གང་ན་འདུག་གམ་ལགས”ཞེས་དྲིས།

“ཅི་ཟེར་རམ།” བུད་མེད་ཀྱིས་མགོ་ཡར་འགྱོག་བཞིན་གདོང་དུ་རྣམ་འགྱུར་ཅི་ཡང་མེད་དེ། ཏག་ཏག་དོན་དག་ཞིག་ལ་ཁོང་ཁྲོ་ལངས་འདུག་པ་འདྲ།

“གསང་སྤྱོད་ཁང་ཞིག་གང་ན་འདུག་གམ་ལགས།”

“འདི་གར་གསང་སྤྱོད་ཁང་མེད།” བུད་མེད་ན་རེ། “ཁྱོད་རང་འདི་ནས་ཕར་སོང་ན། ལྟག་རྒྱབ་དེའི་སྲང་ལམ་དུ་གསང་སྤྱོད་ཁང་ཞིག་ཡོད”ཟེར།

“འོ་ཡ།” དཀའ་ཐུབ་ན་རེ། “ཐུགས་རྗེ་ཆེ།”

དཀའ་ཐུབ་ཤེལ་གྱི་བརྙན་གྱང་དེའི་ཕྱོགས་སུ་སོང་། བུད་མེད་དེས་ལག་གི་ལས་ཀ་མཚམས་བཞག་སྟེ་དཀའ་ཐུབ་ཀྱི་རྒྱབ་གཟུགས་ལ་བལྟས་ནས། “ཧིན། ད་རུང་གསང་སྤྱོད་ཁང་ཟེར། ཁྱོད་ཀྱིས་ཐད་ཀར་སྐྱག་དོང་ཞེས་བོས་ན་འགྲིག་མི་འདུག་གམ།”

དཀའ་ཐུབ་ཀྱིས་དངོས་གནས་ཟློས་གར་ཁང་ཆེན་མོའི་ལྟག་རྒྱབ་ནས་སྲང་ལམ་ཞིག་རྙེད་བྱུང་། སྲང་ལམ་བཙལ་བའི་བརྒྱུད་རིམ་རྙོག་འཛིང་ཆེ་ན་ཡང་། བཟོད་པར་དཀའ་བའི་དབྱར་གྱི་ཚ་གདུག་གིས་ཁོའི་ལུས་ཡོངས་སུ་རྔུལ་ནག་གིས་བརླན་པར་གྱུར་ཅིང་། ཁོས་འཁྲབ་སྟོན་བྱེད་ཆེད་དུ་གྱོན་པའི་བོད་ལྭ་དེ་ཡང་ཕ་ལམ་རྔུལ་ཆུས་བངས་ཡོད། ཡིན་ནའང་། ཁོས་སྲང་ལམ་ནས་གསང་སྤྱོད་ཁང་གི་མཚོན་རྟགས་མཐོང་བའི་སྐབས་སུ་བློ་སེམས་ཀྱང་སྣང་བ་སྐྱིད་པོ་ཞིག་ཏུ་གྱུར།

གསང་སྤྱོད་ཁང་གི་ལོགས་སུ་ཚོང་ཁང་ཆུང་ཆུང་ཞིག་ཀྱང་ཡོད་དེ། དཀའ་ཐུབ་གསང་སྤྱོད་ཁང་ལས་སྒོར་བུད་མ་ཐག  ཚོང་ཁང་གི་སྒོ་ཁའི་འགྲེང་གཟུགས་འཁྱགས་སྒམ་ནང་དུ་བཏུང་བྱའི་རིགས་སྣ་ཚོགས་བཞག་ཡོད་པ་མཐོང་། འཁྱགས་སྒམ་གྱི་ཤེལ་སྒོའི་ཕྱི་ཚུལ་བརྒྱུད་ནས་བལྟས་ན་བཏུང་བྱ་དེ་དག་ནི་བསླུ་བྲིད་ཅིག་དང་མཚུངས་པར་ཚོན་མདངས་སྣ་ཚོགས་འོད་དུ་འཚེར་འོངས། དེ་ལས་ད་དུང་དམ་སྣོད་དུ་བླུགས་པའི་ཝུ་ཆང་ཡང་ཡོད་ཅིང་། དམ་སྣོད་ངོས་སུ་ཆུའི་ཐིགས་པ་ཕྲ་མོའི་རིམ་པ་ཞིག་བཀྲམ་ནས་བཏིངས་ཡོད།

“ཝུ་ཆང་དགོས།” དཀའ་ཐུབ་ཕར་སོང་སྟེ་ཁུག་མ་ལས་དོང་ཙེ་འདོན་ཞོར་དུ་སོམ་ཉི་སྤུ་ཙམ་ཡང་མེད་པར་ཚོང་བདག་ལ་དེ་ལྟར་སྨྲས།

ཚོང་བདག་གིས་དོང་ཙེ་བླངས་རྗེས། ཁོ་ལ་དམ་སྣོད་ཝུ་ཆང་གཅིག་བྱིན།

དཀའ་ཐུབ་ཀྱིས་ནང་བྱན་ཆུད་པའི་སྒོ་ནས་དམ་སྣོད་ཀྱི་ཁ་ཕྱེ་སྟེ། མགོ་བོ་ལྟག་གར་དགྱེ་བཞིན་དམ་སྣོད་ལག་པས་འཕྲེད་གཟུར་དུ་ཡར་བཏེགས་ནས་ཝུ་ཆང་ཁམ་གང་དལ་ཞིང་བག་ལྷོད་སྒོས་བཞེས་པས། འདོད་བློ་ཚིམ་ཞིང་བློ་དོགས་སངས་པའི་སྣང་བ་ཞིག་རང་ཤུགས་སུ་སྐྱེ་འོངས་པར་མ་ཟད། ད་དུང་བསམ་བཞིན་དུ་གད་མོ་ཐལ་དྲགས་པ་སློང་བའི་ཀུ་རེ་རྩེ་རྗེས་ཀྱི་ངར་སེམས་ཤིག་ཀྱང་རྒྱས། ཁོས་སེམས་ལ་གདུགས་དཀར་གྱི་གཟབ་ནན་ཆེ་བའི་ངོ་གདོང་དེ་དྲན་བྱུང་།

“འདིར་ད་དུང་ཝུ་ཆང་ཅི་ཙམ་ཡོད།” ཁོས་འཁྱགས་སྒམ་སྟོན་བཞིན་ཚོང་བདག་ལ་དེ་ལྟར་དྲིས།

ཚོང་བདག་གིས་འཁྱགས་སྒམ་གྱི་ཁ་ཕྱེ་ནས་བལྟས་ཏེ།  “འཁྱགས་གྲང་ཆགས་ཡོད་པ་ལ་ད་རུང་

དྲུག་འདུག”ཟེར།

“ངས་ཚང་མ་ཉོ་རྒྱུ་ཡིན།”  དཀའ་ཐུབ་ཀྱིས་དེ་ལྟར་བཤད།

དཀའ་ཐུབ་ཀྱིས་དོང་ཙེ་སྤྲད་རྗེས། དམ་སྣོད་ཝུ་ཆང་དག་རུམ་དུ་བཅུག་བྱུང་། ཤོང་རྒྱ་ཆེ་བའི་བོད་ལྭའི་ནང་དུ་དམ་སྣོད་ཝུ་ཆང་དེ་དག་ནི་ཡིབ་པར་འཇོན་པའི་དམག་མི་དང་འདྲ་བར། ཕྱི་ནས་བལྟས་ན་རུམ་དུ་ཝུ་ཆང་ཡོད་པ་ཡེ་ནས་མི་ཤེས།

དཀའ་ཐུབ་ཕྱིར་ལོག་བཞིན་སེམས་ལ་ཐེ་ཚོམ་ལོག་གེ་བ་ཞིག་བྱུང་ཞིང་ལམ་རྙེད་ཐུབ་མིན་དེ་ཁོས་ད་དུང་མི་ཤེས། ཏག་ཏག་སྐབས་འདིར། ཁོས་རྒྱང་མི་རིང་བའི་ཐོག་ཁང་གི་སྒོ་ངོས་སུTམཁར་གྲོང་གི་ཟློས་གར་ཁང་ཆེན་མོའི་མཚོན་རྟགས་ཡོད་པ་མཐོང་། མི་རྣམས་ནང་འཛུལ་ཕྱིར་འོང་བྱེད་ཅིང་ཧ་ཅང་འདུ་ལོང་ཆེ་བར་སྣང་། དཀའ་ཐུབ་ཀྱང་དེའི་ཕྱོགས་སུ་ཕར་སོང་།

འོན་ཀྱང་། གནས་འདི་ནི་གྱོན་ཆས་ཚོང་ར་ཞིག་ཡིན། ཤེལ་གྱི་བརྙན་གྱང་དེ་བརྒྱུད་ནས་སོང་ན་གྱོན་ཆས་ཀྱི་ཚོང་བཤམས་ས་བཅུ་ཁ་ཞིག་འདུག་ཅིང་། ཚོང་བཤམས་ས་རེ་རེར་གྱོན་ཆས་སྣ་ཚོགས་པ་བཀལ་ནས་བཀང་ཡོད། མི་ཚོགས་མང་པོ་འཚང་ཁ་ཤིག་ཤིག་གིས་ཚོང་བཤམས་སའི་བར་ནས་མཚམས་འཇོག་མེད་པར་ཟིང་ལོང་བྱེད།

དཀའ་ཐུབ་མི་ཚོགས་ཀྱི་གྲས་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན། དོ་འཇོག་མེད་པའི་སྣང་བ་བན་བུན་ཞིག་གིས་ཕ་ཡུལ་གྱི་རྫོང་གི་གཅིག་བསྡུས་ཚོང་རར་སླེབས་སོང་བའི་ཚོར་སྣང་ཞིག་སྐྱེ་འོངས།  ཁོས་ཕལ་ཆེར་རང་ཉིད་ལམ་འཛོལ་བྱུང་འདུག་སྙམ།

“ཡ། ཤོག་ལ་ཅིག་ལྟོས་དང་། གསར་དུ་ཐོན་པའི་ཚོང་ཟོག་ཡིན།” བུད་མེད་ཅིག་གློ་བུར་དཀའ་ཐུབ་ཀྱི་སྔུན་ནས་བྱུང་སྟེ་འཛུལ་དམུལ་དམུལ་སྒོས་ཁོ་ལ་བལྟས་པས། ཁོས་ཀྱང་ཧོན་ཐོར་ནས་སྡོད་ལོང་མ་བྱུང་བར་གོམ་མཚམས་བཞག

“ཕྱི་རོལ་དུ་གྱོན་རྒྱུའི་ལྭ་རྙིང་པ་ཡིན། ཟོག་སྤུས་དག་ལ་རིན་གོང་འཚམ།” བུད་མེད་ཀྱིས་སྔར་བཞིན་འཛུམ་དམུལ་དམུལ་སྒོས་དེ་ལྟར་སྨྲས།

“འདི་ག་ཟློས་གར་ཁང་ཆེན་མོ་རེད་དམ་ལགས།” དཀའ་ཐུབ་ཀྱིས་དེ་ལྟར་དྲིས།

“རེད་ལགས། ཟློས་གར་ཁང་ཆེན་མོའི་ཁྲོམ་བར་གྱི་བགྲོད་ལམ་རེད།”  བུད་མེད་ན་རེ།  “ཁྱེད་རང་འདི་གར་འོངས་ནས་འཁྲབ་སྟོན་བྱེད་མཁན་གྱི་སྒྱུ་རྩལ་པ་ཞིག་ཡིན་ནམ།  ཉི་ཧོང་བ་ཡིན་ནམ་ཁོ་རེ་ཡའི་མི་ཡིན”ཞེས་དྲིས།

“ཀྲུང་གོ་པ་ཡིན། འདི་གར་འཁྲབ་སྟོན་བྱེད་དུ་འོངས་པ་ཡིན།” དཀའ་ཐུབ་ཀྱིས་ལན་བཏབ།

“འོ། ངོ་མ་སྒྱུ་རྩལ་པ་ཞིག་རེད། ལུས་ཧྲིལ་པོར་འཁྲབ་ཆས་གྱོན་འདུག” བུད་མེད་ཀྱིས་བཤད་རྒྱུར། “གལ་ཏེ་ཁྱེད་རང་སྒྱུ་རྩལ་པ་ཞིག་མིན་ཚེ།  མདུན་གྱི་གཞུང་སྒོ་ནས་འཛིན་ཡིག་ཁྱེར་ནས་ཚོགས་རར་ཞུགས་དགོས།  སྒྱུ་རྩལ་པ་ཡིན་ན་ཐད་ཀར་ནང་ལ་སོང་ཆོག མགོར་ཐོན་ཚེ་གཡས་ཕྱོགས་སུ་གསང་སྤྱོད་ཁང་ཞིག་ཡོད་ལ། དེའི་སྒོ་ཁར་ཞབས་འདེགས་ཞུ་མཁན་གྱི་མི་སྣ་ཡོད། ”

“ཨ། གསང་སྤྱོད་ཁང་ཟེར་རམ། ཡོད་དམ།”

“ལོས་ཡོད། སྒྱུ་རྩལ་པ་མིན་ནམ། ཕ་ཝ་རོ་ཐེལ(དབྱི་ཐ་ལིའི་གླུ་པ་གྲགས་ཅན་ཞིག)ཡིན་རུང་། གསང་སྤྱོད་ཁང་དུ་འགྲོ་ལོས་དགོས།”

དཀའ་ཐུབ་ཀྱིས་དངོས་གནས་གསང་སྤྱོད་ཁང་མཐོང་བྱུང་། གསང་སྤྱོད་ཁང་གི་སྒོ་མདུན་གྱི་འོད་ལམ་མེར་ཡོད་པའི་མཚོན་རྟགས་དེ་ནི་ཁོས་སྲང་ལམ་དུ་མཐོང་བའི་གསང་སྤྱོད་ཁང་གི་སྒོ་ངོས་སུ་སྦུད་ཤུགས་ལ་བརྟེན་ནས་དཔར་བའི་མཚོན་རྟགས་དེ་དང་ཁྱད་པར་སྤུ་ཙམ་ཡང་མེད་ལ། མི་འདྲ་ས་ཞིག་ཡོད་པ་ནི་གསང་སྤྱོད་ཁང་དེ་ལ་ལག་ཁྲུས་ཁང་ཟེར།

དཀའ་ཐུབ་ཀྱིས་ད་དུང་གསང་སྤྱོད་ཁང་ལས་ཐག་མི་རིང་བའི་སར་ལས་གོས་གྱོན་པའི་སྐྱེས་པ་ཞིག་རྩིག་པར་བསྙེས་ནས་འགྲེང་འདུག་པ་མཐོང་ཞིང་། དེ་ནི་ཞབས་འདེགས་ཞུ་མཁན་གྱི་མི་སྣ་ཞིག་ཡིན་ཤ་སྟག་རེད། རོལ་མོའི་ཚོམས་ཆེན་ནང་དུ་འགྲོ་སའི་བགྲོད་ལམ་དམར་པོ་དེ་སྐྱེས་པ་ཞབས་འདེགས་ཞུ་མཁན་དེའི་གཡོན་ལོགས་ཀྱི་གྲུ་གར་ཡོད། དེར་མ་ཟད་དཀའ་ཐུབ་ཀྱིས་སྨན་ཤར་དེ་ཚོས་ཞབས་བྲོ་འཁྲབ་སྐབས་གཏོང་བཞིན་པའི་རོལ་མོའི་སྒྲ་དེ་ཡང་གསལ་ལ་མི་གསལ་བ་ཞིག་ཐོས་འོངས་ཤིང་། དེ་ནི་ཁོ་རང་ད་ཅི་སྒོར་འབུད་དུས་དང་གཅིག་འདྲ་ཡིན། སྤྱིར་ན་ཁོ་རང་ཐད་ཀར་ཕྱིར་ལོག་རྩིས་ཡིན་མོད། སེམས་ལ་གློ་བུར་དུ་རོལ་མོའི་ཚོམས་ཆེན་གྱི་སྒོ་ཁར་བཀལ་བའི་གསལ་སྟོན་འགེལ་བྱང་དེ་དྲན་བྱུང་བས། རུམ་དུ་བཅུག་པའི་ཝུ་ཆང་ལ་ལག་པས་རེག་ཙམ་བྱེད་བཞིན། སླར་སོམ་ཉི་ལོག་གེ་བ་ཞིག་བྱུང་སྟེ། དེ་གར་སོང་ན་ཆང་འཐུང་མི་རུང་བ་ཁོ་ཐག་ཡིན་སྙམ།

དཀའ་ཐུབ་གསང་སྤྱོད་ཁང་གི་སྒོ་ཁ་ནས་ཕར་འགྲོ་ཚུར་འོང་བྱས། ཁོས་སེམས་ལ་གློ་བུར་དུ་བློ་བཀོད་ཅིག་དྲན་ཏེ་གསང་སྤྱོད་ཁང་གི་སྒོ་དེད་ནས་ནང་དུ་འཛུལ། གསང་སྤྱོད་ཁང་དེ་ཧ་ཅང་གཙང་ལ་རྩིག་འགྲམ་དུ་གཅིན་གཞོང་འགའ་ཡོད་ཅིང་། གཅིན་གཞོང་གི་ཁ་གཏད་དུ་སྒོ་དམ་པོར་གཏད་པའི་བཅད་ཤག་དཀར་པོ་འགའ་བསྟར་ཡོད། དཀའ་ཐུབ་ཀྱིས་སེམས་ཆུང་ངང་ནས་བཅད་ཤག་ཅིག་གི་སྒོ་ཕྱེ་བ་ན། འདུག་སྟབས་ཀྱི་ཆབ་གཞོང་དཀར་པོ་ཞིག་འཕྲལ་མར་ཁོའི་མདུན་དུ་མངོན་བྱུང་།

དཀའ་ཐུབ་བཅད་ཤག་གི་ནང་དུ་འཛུལ་ཏེ། ནང་ལོགས་ནས་སྒོ་གཏད་དེ་ཆབ་གཞོང་སྟེང་དུ་ཙོག་བཞིན། ཁོས་རུམ་གྱི་དམ་སྣོད་དག་ཕྱིར་བཏོན་ཏེ་ཁ་ཕྱེ་ནས་འཐུང་འགོ་བརྩམས།

“འདིར་ནི་ང་ལ་ཆུང་མ་འཐུང་ཟེར་མཁན་ཞིག་ཡོད་མི་སྲིད།” ཁོས་དེ་ལྟར་རང་ལ་ཁེར་ལབ་རྒྱག་བཞིན་འདོད་བློ་རབ་ཏུ་ཚིམ་པའི་སྒོ་ནས་ཝུ་ཆང་ཁམ་གང་འཐུངས།

“དཀའ་ཐུབ།----རྒན་ལགས།----”

དཀའ་ཐུབ་ཀྱིས་ཝུ་ཆང་གསུམ་པ་དེ་འཐུངས་ཚར་བའི་སྐབས་སུ། ཁོས་གློ་བུར་དུ་མི་ཞིག་གིས་ཁོའི་མིང་ནས་འབོད་ཀྱིན་པ་ཐོས་བྱུང་། དེ་ནི་བསོད་སྐྱིད་ཀྱི་སྐད་ཡིན། ལུས་ཀྱི་ལྭ་བ་ལེགས་སྒྲིག་ཅིག་བྱས་རྗེས་གསང་སྤྱོད་ཁང་གི་སྒོར་བུད།

ཁོ་དང་བསོད་སྐྱིད་གཉིས་སྤྱོད་ཁང་གི་སྒོ་ཁར་གདོང་ཐུག་བརྒྱབ་སོང་།

“རྒན་ལགས། ཁྱེད་རང་འདི་གར་ཡོད་དམ། རེམ་པར་འགྲོ།” བསོད་སྐྱིད་དཀའ་ཐུབ་ཀྱི་ལག་པར་འཇུས་ཏེ་ཁོ་གཉིས་ས་གདན་དམར་པོའི་ཐོག་ནས་བྲེལ་སྟབས་ཀྱིས་རྒྱུག་ཞོར་དུ་ན་རེ། “འཁྲབ་སྟོན་བྱེད་རྒྱུ་སྔུན་ལ་བསྣུར་སོང་། འགོ་པས་ཁྱེད་ལ་ལྟ་དུས། ཁྱེད་རང་མཐོང་རྒྱུ་མི་འདུག་པས། མིག་གཉིས་ཀྱང་དམར་པོར་གྱུར་འདུག”ཟེར།

ཁོ་གཉིས་རོལ་མོའི་ཚོམས་ཆེན་ནང་དུ་རྒྱུག་ཅིང་དེ་ནས་རྒྱབ་སྟེགས་སུ་རྒྱུག་ནས་ཐོན། གདུགས་དཀར་གྱིས་ཁོ་རང་མཐོང་མ་ཐག། གཡས་ལག་གི་གོང་མཛུབ་བསྲིངས་ནས་ཐད་ཀར་ཁོ་ལ་བཙུགས་ཏེ་མཆུ་ཏོ་འདར་སིག་སིག་བྱེད་བཞིན་སྐད་ཆ་ཚིག་གཅིག་ཀྱང་ཤོད་རྒྱུ་མ་བྱུང་། ཁོའི་འཁྲིས་སུ་ལངས་འདུག་པའི་ཁ་སྐོང་གིས་གདོང་དུ་བྱུག་ལས་ལེགས་པར་བྱས་ཟིན་ཡོད་ཅིང་། དཀའ་ཐུབ་ཀྱི་སྒྲ་སྙན་འབྲུག་མགོ་མ་ཡང་པང་དུ་བཟུང་སྟེ་ཚབ་འཁྲབ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད། ཁ་སྐོང་གིས་དཀའ་ཐུབ་ནང་དུ་སླེབས་པ་མཐོང་རྗེས། རྡོག་ཁྲེས་ལྕི་མོ་ཞིག་ཕྲག་ལས་ཕབ་པ་བཞིན་པང་གི་སྒྲ་སྙན་འབྲུག་མགོ་མ་མར་བླངས་ཏེ་དཀའ་ཐུབ་ཀྱི་རུམ་དུ་རྫོང་རྩིས་བྱས། “ད་གར་སྟེགས་ཐོག་ཏུ་འགྲོ་རན་འདུག”ཁོས་དེ་ལྟར་སྨྲ་བཞིན། དཀའ་ཐུབ་ཀྱི་ལག་མགོར་འཇུས་ཏེ་ཁོ་རང་སྟེགས་རྒྱབ་ཀྱི་འཛུལ་སྒོར་ཁྲིད་ནས་སོང་།

“གཤམ་དུ་རྣམ་པ་ལྷན་རྒྱས་ཀྱིས་གསན་བཞེས་གནང་རྒྱུ་ནི། སྒྲ་སྙན་འབྲུག་མགོ་མའི་རྐྱང་དཀྲོལ《སྒྲོལ་མའི་བསྟོད་པ》ཞེས་པ་དེ་ཡིན།”

ཐལ་མོའི་རྡེབ་སྒྲའི་ཁྲོད་ནས། དཀའ་ཐུབ་ཀྱི་སྒྲ་སྙན་འབྲུག་མགོ་མ་ལྷང་ངེར་གྲགས་བྱུང་། ཁོ་རང་གར་སྟེགས་ཀྱི་དཀྱིལ་དུ་ཙོག་པར་འདུག་ཅིང་རྣམ་འགྱུར་ལ་གུས་བཀུར་དང་གཟབ་ནན་ཡང་ལྡན་ཏེ། རོལ་མོ་དལ་བར་ཁོའི་རྒྱུད་སྐུད་སྟེང་ལས་དུ་ཞག་མཁའ་ལ་འཁྱིལ་བ་བཞིན་རོལ་མོའི་ཚོམས་ཆེན་ནང་དུ་གཡོ་བར་བྱེད།

རླབས་རྒྱུན་ལྟ་བུའི་སྤྲོ་སྣང་རྒྱུན་ཆད་མེད་པར་ཡར་འཕྱུར་བ་དང་བསྟུན་ནས་རོལ་མོའི་དབྱངས་འགྲོས་ཀྱང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན། གློ་བུར་དུ་དཀའ་ཐུབ་ཡར་ལངས་ཏེ། གླུ་ལེན་ཞིང་བྲོ་ཡང་འཁྲབ་བཞིན་རྐང་མགོའི་འཇུར་རྟ་ཡིས་གར་སྟེགས་ཐོག་གི་པང་གཅལ་མཚམས་མེད་པར་བརྡུངས་ནས། ཌཱར་དྲིལ་གསིལ་བའི་གདངས་བཞིན་རོལ་མོའི་དབྱངས་འགྲོས་དང་གཅིག་ཏུ་འདྲེས་པར་གྱུར།

དཀའ་ཐུབ་ཀྱིས་དགའ་སྤྲོ་ཅི་དགར་རོལ་བའི་སྒོ་ནས་གླུ་ལེན་གར་རྩེ་བྱེད་ཀྱིན་ཡོད་ལ། མངོན་ཚུལ་དེ་འདྲ་ཞིག་འཁྲབ་སྦྱོང་བྱེད་སྐབས་གཏན་ནས་ཡོད་མ་མྱོང་། ཁོས་འདི་ནི་ཆང་བཅུད་ཀྱི་ནུས་པ་ཡིན་པ་ཤེས་ཡོད་ཅིང་། ཁོའི་འཁྲབ་སྟོན་ནི་གདུགས་དཀར་གྱིས“བབ་བརླིང་ལྡན་ཞིང་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡིན་དགོས”ཚུལ་གྱི་བླང་བྱ་བཏོན་པ་དེ་དང་ཁྱད་པར་ཤིན་ཏུ་ཆེ་བའང་ཁོས་ཤེས་ཡོད་མོད། འོན་ཀྱང་། ཁོའི་བསམ་པར་དེ་ལྟར་འཁྲབ་ན་ད་གཟོད་འགྲིག་སྙམ། ཁོས་སེམས་ལ་མེ་ཕུང་དྲན་འོངས། མེ་ཕུང་གི་འོད་འཕྲོ་བའི་འོག་ཏུ་གཉིད་མི་ཁུག་པའི་མཚན་མོ་སྟེ་མེ་ཕུང་བསྐོར་ནས་ཞབས་བྲོ་འཁྲབ་བཞིན་པའི་ཕོ་གཞོན་སྨན་ཤར་ཚོ་དང་། དེ་མིན་ཕོ་གཞོན་སྨན་ཤར་ཚོའི་སྤྱི་གཙུག་ཏུ་འཁྱིལ་བའི་རང་དབང་གི་པི་ཝང་འབྲུག་མགོ་མའི་སྒྲ་དབྱངས་དེ་དྲན་འོངས།

གར་སྟེགས་ཀྱི་འགབ་ཏུ་ཐལ་མོའི་རྡེབ་སྒྲ་འབྲུག་སྐད་ལྡིར་བ་བཞིན་ལྷང་།

སྟེགས་རྒྱབ་ཀྱི་རྩིབ་ལོགས་ཤིག་ཏུ། གདུགས་དཀར་ཧ་ལས་པའི་ཚུལ་གྱིས་ཁ་མིག་ཆེར་ཕྱེ་འདུག་སྟེ། ཁོས་དོན་དག་ཅི་ཞིག་བྱུང་སོང་བ་ད་དུང་ཤེས་མེད་པ་འདྲ།

འཁྲབ་སྟོན་མཇུག་རྫོགས་རྗེས། དཀའ་ཐུབ་ཀྱིས་ལྟད་མོ་པ་རྣམས་ལ་ལུས་སྒུར་ནས་གུས་འདུད་ཀྱིས་བཀའ་དྲིན་ཞུས་ཤིང་། ཁོས་སྒྲ་སྙན་འབྲུག་མགོ་མ་ཕྲག་པར་འཕྲེད་དུ་གཟུར་ཁུར་བྱས་ནས་ལག་ཟུང་སྙིམ་པར་སྦྱར་ཏེ། ཁོག་སྟོད་སྒུར་སྒུར་གྱིས“བཀྲ་ཤིས་བདེ་ལེགས”ཞེས་པའི་སྨོན་ཚིག་ཅིག་ཀྱང་བསྒྲགས། ཏག་ཏག་སྐབས་འདིར། དམ་སྣོད་ཅིག་གློ་བུར་དུ་རུམ་ཁོང་ལས་ཤུད་ཐོན་ཏེ་གསང་བ་ཁྲོམ་ཚོགས་གྲལ་ནས་བསྒྲགས་པ་བཞིན་གར་སྟེགས་ཀྱི་པང་གཅལ་དུ་བསྒྲིལ་ནས་སྒྲ་ལྷང་ངེ་བ་ཞིག་གྲགས་པ་ན། ཁོ་རང་བྲེལ་སྟབས་ཀྱིས་བདའ་རུ་རྒྱུག་ནས་དམ་སྣོད་ཕྱིར་རུམ་དུ་བཅུག་སྟེ། ཡང་བསྐྱར་དགོངས་ཡངས་ཞུ་བའི་ཚུལ་གྱིས་ལྟད་མོ་པར་གུས་འདུད་ཞུས། ཡིན་ན་ཡང་། ལྟད་མོ་པས་བློ་ཡུལ་ལས་འདས་པ་དེ་འཁྲབ་སྟོན་དུ་དམིགས་ཀྱིས་སྒྲིག་འགོད་བྱས་པའི་བྱུང་རིམ་ཞིག་ཏུ་བསམས་ཏེ། དགོད་སྒྲ་ལྷང་ལྷང་དུ་སྒྲོག་བཞིན། སྔར་ལས་ཀྱང་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་དགའ་བའི་ཐལ་མོ་རྡེབ་བྱུང་།

ལྟད་མོ་པའི་རེ་འདུན་ཞུས་པ་ལྟར་དུ། དཀའ་ཐུབ་ཀྱིས་སླར་རོལ་མོ་ཞིག་དཀྲོལ་འཁྲབ་བྱས།

དཀའ་ཐུབ་མཇུག་མཐར་སྟེགས་རྒྱབ་ཏུ་སླེབས་དུས། གདུགས་དཀར་ཚུར་ཡོང་སྟེ་དཀའ་ཐུབ་ལ་ན་རེ། “ཨ་ཡ་མཚན།  ཁྱོད་ཀྱིས་ཆང་འཐུང་ཡོད་དམ”ཟེར།

“ཡིན། ཉུང་ཙམ་འཐུངས་ཡོད།”

“ཨ་ཙི། དཀོན་མཆོག་གསུམ་པོས་མཁྱེན། གལ་ཏེ་གནད་དོན་འདྲ་བྱུང་ཚེ། ཅི་བྱེད་དམ།”

དཀའ་ཐུབ་ཀྱིས་གདུགས་དཀར་དངངས་འཚུབ་ལངས་བཞིན་པར་ལྟ་བཞིན། ན་རེ། “འགོ་པ་ལགས། ངས་འཁྲབ་སྟོན་བྱས་པའི་འབྲས་བུ་ཅི་འདྲ་འདུག”ཟེར།

གདུགས་དཀར་ཡུད་ཙམ་ལ་ཧོན་ཐོར་རྗེས།  བཤད་རྒྱུར། “ཧ་ཅང་བཟང་གི། ངོ་མ་དཔེ་ཞིག་མི་འདུག”ཟེར་བཞིན། བསྟོད་པའི་མཐེ་བོང་ཀེར་དུ་བསྒྲེངས།

འཁྲབ་སྟོན་མཇུག་རྫོགས་སོང་། གུས་འདུད་ཀྱི་སྒོ་ནས་བཀའ་དྲིན་ཞུ་སྐབས་གར་སྟེགས་འགབ་ཀྱི་མདུན་གཤར་དུ་ཙོག་པའི་མི་རྣམས་སྟེགས་བུའི་ཐོག་བསླེབས་ནས། གར་སྟེགས་སྟེང་དུ་ཐལ་མོ་རྡེབ་བཞིན་འཁྲབ་སྟོན་པ་རེ་རེར་མཇལ་ནས་ལག་འཇུ་བྱེད་པར་སྒུག་ཡོད། ཆེས་སྔོན་དུ་སླེབས་པའི་མི་དེས་དཀའ་ཐུབ་ཀྱི་ལག་མགོར་འཇུ་ཐེངས་གཅིག་བྱེད་ཅིང་། ལག་པ་གཅིག་གིས་ཁོའི་ཕྲག་པར་རྡེག་བཞིན་ན་རེ། “ཁྱོད་ཀྱིས་འཁྲབ་སྟོན་བྱས་པ་ངོ་མ་ལེགས།  ད་དུང་མཚར་ཉམས་ཆེ་ལ་དགོད་བྲོ་བ་ཞིག་ཀྱང་རེད”ཟེར།

དྲོས་ཇའི་རྗེས་ནས། གནམ་གཤིས་སྔར་ལས་ཚ་ངད་ཆེ་བར་འདུག་ཅིང་། གདུགས་དཀར་གྱིས་འཁྲབ་སྟོན་པ་རྣམས་ཁྲིད་ནས་སྡོད་སར་ཕྱིན། དཀའ་ཐུབ་མགྲོན་ཁང་གི་ཤག་མིག་ཏུ་ཐོན་ནས་ཅུང་མ་འགོར་བར། གདུགས་དཀར་གྱིས་སྒོ་བརྡུངས་ནས་སླེབས་བྱུང་། པང་དུ་ཝུ་ཆང་ཤོག་སྒམ་གང་བཟུང་ཡོད། “འདི། ད་ནི་ཡིད་ཚིམ་པ་ཞིག་ཐུངས་དང་།” ཁོས་ཝུ་ཆང་སར་བཞག་རྗེས་བཤད་རྒྱུར། “རེད་ཀྱང་། ཁྱོད་ཀྱིས་འཁྲབ་སྟོན་བྱེད་སྐབས་ཆང་འཐུང་བར་ངས་སྔར་བཞིན་ངོ་རྒོལ་བྱེད་ངེས།”

“དེར་ང་འཐད་པ་ཡིན།” དཀའ་ཐུབ་ཀྱིས་བཤད།

གདུགས་དཀར་ད་སྔོན་ཏག་ཏག་ལ་སྒོར་སོང་། ཡང་ཁ་སྐོང་གིས་སྒོ་བརྡུངས་ནས་སླེབས་བྱུང་། ཁོས་ཀྱང་པང་དུ་ཝུ་ཆང་ཤོག་སྒམ་གང་བཟུང་ཡོད། “ངས་ངོ་མ་ཁྱེད་ལ་གུས་བཀུར་ཡི་རང་བྱེད།” ཁ་སྐོང་ན་རེ། “ངས་ཁྱེད་ལ་ཆང་འཐུང་རོགས་བྱེད”ཟེར།

“ཡ་ཆོག་གི།” དཀའ་ཐུབ་ཀྱིས། “ད་ནི་འུ་གཉིས་ཀྱིས་ཧ་ཅང་ཡིད་ཚིམ་པ་སྟེ་འཆི་མི་ཐུབ་པ་ཞིག་འཐུང”ཞེས་སྨྲས་སོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།