གབ་ཚིག

གནའ་སྔ་མོར་རྒྱལ་སྲས་ཤིག་ཡོད། ཁོས་གློ་བུར་དུ་འཛམ་གླིང་གི་ཡུལ་གྲུ་སོ་སོར་འཆམ་འཆམ་བྱེད་རྒྱུ་དྲན་པ་ན། ལྷག་བསམ་ཅན་གྱི་བྲན་གཡོག་ཅིག་ཁྲིད་དེ་འཆམ་འཆམ་དུ་སོང་། ཉིན་ཞིག  ཁོ་གཉིས་ནགས་ཚལ་ཆེན་པོ་ཞིག་ཏུ་མགོ་འཁོར་སོང་།ས་རུབ་ནའང་སྡོད་གནས་ད་རུང་མ་རྙེད་པས། དགོང་མོ་གང་དུ་ཉལ་དགོས་པ་མ་ཤེས་པར་ལུས། སྐབས་དེར་ཁོས་བུ་མོ་ཞིག་ཁང་པ་ཆུང་ཆུང་ཞིག་གི་ཕྱོགས་སུ་འགྲོ་བ་མཐོང་།  གམ་དུ་སོང་བ་ན་བུ་མོ་དེ་ནི་མཛེས་མ་དར་ལ་བབས་པ་ཞིག་རེད། ཁོས་མོ་ལ“སྙིང་ཉེ་བའི་བུ་མོ་ལགས། ང་དང་ངའི་གཡོག་པོ་གཉིས་དགོང་མོ་ཁང་ཆུང་འདིའི་ནང་ནས་བསྡད་ན་ཆོག་གམ”ཞེས་དྲིས་པ་ན།

བུ་མོས་སྐྱོ་སྣང་ཞིག་དང་བཅས“ཁྱེད་གཉིས་དགོང་མོ་འདིར་བསྡད་ན་ཆོག་མོད། འོན་ཀྱང་ཁྱེད་གཉིས་དགོང་མོ་འདི་ནས་མི་འདུག་པ་དང་ཁང་ཆུང་ནང་ཡང་མི་འགྲོ་རྒྱུ་ནི་ངའི་རེ་བ་ཡིན”ཞེས་བཤད།

རྒྱལ་སྲས་ཀྱིས“ཅིའི་ཕྱིར”ཞེས་དྲིས་པ་ན། བུ་མོས་དབུགས་རིང་ཞིག་གཏོང་ཞོར“ངའི་མ་གཡར་གྱིས་རྫུ་འཕྲུལ་སྤྱོད་ཤེས་པས།མོས་མི་རྒྱུས་མེད་ལ་བསམ་ངན་བཅངས་ངེས”ཞེས་བཤད། སྐབས་དེར་ཁོས་ཁོ་གཉིས་ནི་འདྲེ་མོ་མ་ཞིག་གི་ཁྱིམ་ནང་དུ་ཐོན་ཡོད་པ་ཤེས་ནའང་། ད་ནི་མུན་ཡོངས་སུ་རུབ་སྟེ་མུ་མཐུད་དུ་བགྲོད་ཐབས་བྲལ། ཡིན་ཡང་ཁོ་མ་སྐྲག་པར་ནང་དུ་འཛུལ།རྒན་མོ་ཞིག་རྒྱབ་བསྙེས་རྐུབ་སྟེགས་སྟེང་ཙོག་སྟེ་མེ་ཐབ་བསྲུངས་ནས་བསྡད་ཡོད་ཅིང་། མིག་ཟུང་དམར་པོས་མི་རྒྱུས་མེད་ལ་བལྟས་འདུག མོས་ཞི་དུལ་ངག་འཇམ་གྱིས“དགོང་མོ་བདེ་ལེགས། ཁྱེད་གཉིས་ཀྱིས་ངལ་གསོ་རོགས”ཞེས་བཤད། མོས་མེ་ལ་ཕུར་བཏབ་ནས་རྫ་སྣོད་ཆུང་ཆུང་ཞིག་ཏུ་དངོས་རྫས་ཤིག་སྐོལ་བཞིན་འདུག བུ་མོས་ཁོ་གཉིས་ལ་གཟབ་གཟབ་བྱེད་དགོས་ལ། ཅི་ཡང་མ་ཟ། ཅི་ཡང་མ་འཐུང་། མ་རྒན་གྱིས་དུག་རྫས་ལས་བཞིན་ཡོད་ཅེས་པའི་གསལ་བརྡ་བཏང་། དགོང་མོ་དེར་ཁོ་གཉིས་བདེ་འཇགས་ངང་ཕྱི་ཉིན་གྱི་ནམ་གསལ་རག་བར་དུ་གཉིད་ཐུབ་སོང་། ཕྱི་ཉིན་ཞོགས་པར་རྒྱལ་སྲས་རྟ་ལ་བཞོན་ནས་གནས་དེ་དང་ཁ་འབྲལ་ཁར། རྒན་མོས“ཅུང་ཙམ་སྒུགས་དང་ངས་ཁྱེད་གཉིས་ལ་གསོལ་འདྲེན་དགའ་སྐྱེལ་གྱི་ཆང་ཞིག་ཁྱེར་ཡོང”ཞེས་བཤད། མོ་རང་ཆང་ལེན་དུ་འགྲོ་བའི་སྐབས་དེ་ལ་རྒྱལ་སྲས་རྟ་ལ་བཞོན་ནས་བྲོས་སོང་། རྒན་མོས་ཆང་ཁྱེར་ནས་ཐོན་དུས། གཡོག་པོ་གཅིག་པུས་རྟ་ལ་སྒ་སྟོད་བཞིན་ཡོད། “ཆང་འདི་ཁྱེར་ནས་ཁྱོད་ཀྱི་བདག་པོ་ལ་སྤྲོད་ཅིག”ཅེས་བཤད་སྒང་དུ་ཆང་ཕོར་གས་ནས་དུག་རྫས་རྟའི་ལུས་སྟེང་ལ་ཐོར་བ་དང་། དུག་ཤུགས་ཤིན་ཏུ་ཆེ་བས་རྟ་དེ་མ་ཐག་ཏུ་ས་ལ་འགྱེལ་ནས་ཤི་སོང་།  གཡོག་པོས་རྒྱལ་སྲས་ལ་དོན་དག་དེ་ཞུས་རྗེས།  རྟ་སྒ་བློས་མ་ཐོངས་པར་ཕྱིར་རྟ་སྒ་ལེན་དུ་ཡོང་བ་ན། རྟ་རོའི་གམ་དུ་ཁྭ་ཏ་ཞིག་གིས་རྟ་ཤ་འཐོག་བཞིན་པ་མཐོང་། “དེ་རིང་ངེད་གཉིས་ཀྱིས་འདི་ལས་བཟང་བའི་བཟའ་རྒྱུ་ཞིག་རྙེད་ཐུབ་མིན་སུས་ཤེས”ཞེས་བཤད་ཞོར་ཁྭ་ཏ་དེ་བསད་ནས་ཁྱེར་སོང་། ཁོ་གཉིས་ནགས་ཚལ་ནང་ནས་ཉིན་གང་པོར་སོང་ནའང་ཕྱི་ལ་འབུད་མ་ཐུབ། མཚན་མོ་དེར་ཁོ་གཉིས་མགྲོན་ཁང་ཞིག་གི་ནང་དུ་འཛུལ། གཡོག་པོས་ཁྭ་ཏ་དེ་ཁང་བདག་ལ་སྤྲད་དེ་ནུབ་ཇ་བསྐོལ་ཤོག་ཅེས་བཤད། མ་བསམ་ས་ནས་ཁོ་གཉིས་ནི་ཇག་པ་ཚང་ཞིག་ལ་ཐོན་འདུག མུན་ནག་ཁྲོད་ཇག་པ་བཅུ་གཉིས་ཐོན་ཡོང་བ་དང་། ཁོ་ཚོས་མི་རྒྱུས་མེད་དག་བསད་དེ་དེ་དག་གི་རྒྱུ་ནོར་འཕྲོག་བསམ་པ་རེད། མི་མ་བསད་པའི་སྔོན་ལ་ཁོ་ཚོ་ཅོག་ཙེའི་མདུན་དུ་བསྡད་ཅིང་། ཁང་བདག་དང་འདྲེ་མོ་མ་གཉིས་ཀྱང་དེ་ཚོ་དང་མཉམ་དུ་བསྡད་རྗེས། ཁོ་ཚོས་མཉམ་དུ་ཁུ་བ་འཐུང་། དེ་ནི་ཁྭ་ཏ་ཤི་རོ་དེའི་ཤ་གཏུབས་ནས་བསྐོལ་བ་ཡིན་པས། ཁོ་ཚོས་ཁམ་བུ་འགའ་འཐུང་མ་ཐག་ཚང་མ་གཅིག་རྗེས་གཉིས་མཐུད་དུ་ཤི་སོང་།  དེ་ནི་ཁྭ་ཏས་རྟ་ཤ་ཟོས་པས་ཁྭ་ཏར་ཡང་དུག་ཕོག་པ་རེད། སྐབས་དེར་ཁང་པའི་ནང་དུ་ཁང་བདག་གི་བུ་མོ་མ་གཏོགས་མེད། མོ་ནི་མི་གཞུང་དྲང་ཞིག་ཡིན་ལ། རྒྱུ་འབྲས་མེད་པའི་ཇུས་ངན་གཅིག་ཀྱང་བསྒྲུབས་མ་མྱོང་། མོས་ཁང་པ་ཐམས་ཅད་ཀྱི་སྒོ་ཕྱེས་ནས་རི་ལྟར་སྤུངས་པའི་གསེར་དངུལ་གྱི་རྒྱན་ཆ་མི་རྒྱུས་མེད་དེ་གཉིས་ལ་བསྟན་མོད། འོན་ཀྱང་རྒྱལ་སྲས་ཀྱིས་དངོས་པོ་འདི་དག་ང་ལ་མི་དགོས། རང་གིས་ཉར་ཚགས་བྱོས་ཞེས་བཤད་རྗེས་གཡོག་པོ་དང་མཉམ་དུ་རྟ་ལ་བཞོན་ནས་བུད་སོང་།

ཁོ་གཉིས་སོང་སོང་མཐར་གྲོང་ཁྱེར་ཞིག་ཏུ་སླེབས། གནས་དེར་མཛེས་ཤིང་ང་རྒྱལ་ཆེ་བའི་ཀོང་ཇོ་ཞིག་ཡོད། ཀོང་ཇོས་གལ་ཏེ་སུ་ཞིག་གིས་མོས་ཁེད་མི་ཐུབ་པའི་གབ་ཚིག་ཅིག་བཤད་ན། དེ་ནི་མོའི་ཁྱོ་གར་འདུག་ཆོག་པ་དང་།  གལ་ཏེ་མོས་ཁེད་སོང་ན་མི་དེའི་སྲོག་གཅོད་ངེས་ཡིན་ཞེས་ཁྱབ་བསྒྲགས་བྱས།  ཀོང་ཇོས་ཉིན་གསུམ་རིང་གབ་ཚིག་ཁེད་ན་ཆོག་མོད། འོན་ཀྱང་མོ་ནི་བློ་རིག་རྣོ་བ་ཅན་ཞིག་ཡིན་པས། དུས་ཚོད་མ་ཐོན་གོང་གབ་ལན་ཤེས་འགྲོ་བ་རེད། རྒྱལ་སྲས་གནས་དེ་ལ་ཐོན་དུས་ཕོ་གསར་དགུ་ཡིས་དེ་ལྟར་སྲོག་ཤོར་སོང་། འོན་ཀྱང་རྒྱལ་སྲས་ཀྱིས་ཀོང་ཇོ་མཐོང་འཕྲལ་མོའི་སྐྱེ་འབྲས་ཀྱིས་ཡིད་དབང་ཕྲོགས་པས། ཉེན་ཁར་མ་འཛེམ་པར་ཚོད་ལྟ་ཞིག་བྱེད་བསམ་བྱུང་།དེ་ནས་ཁོ་ཀོང་ཇོ་དང་མཇལ་ནས “དངོས་པོ་ཞིག་ཡོད་ལ། དེས་མི་གཅིག་ཀྱང་མ་བསད། ཡང་མི་བཅུ་གཉིས་བསད་སོང་། དངོས་པོ་དེ་ཅི་རེད”ཅེས་གབ་ཚིག་ཅིག་བཏོན། ཀོང་ཇོས་བསམ་བློ་ཇི་ལྟར་བཏང་ཡང་དངོས་པོ་ཅི་ཞིག་ཡིན་པ་མ་ཤེས། མོས་གབ་ཚིག་གི་དཔེ་ཆའི་ནང་བཙལ་ཡང་མ་རྙེད། མཇུག་མཐར་མོ་ཐབས་ཟད་དེ་རང་ཉིད་ཀྱི་ཞལ་ཏ་མ་བོས་ནས་རྒྱལ་སྲས་ཀྱི་མལ་ཁང་དུ་ཁོའི་གཉིད་གཏམ་རྐུ་ཉན་བྱེད་དུ་མངགས། མོའི་སེམས་སུ་རྒྱལ་སྲས་ཀྱིས་ཕལ་ཆེར་མཚན་མོའི་རྨི་ལམ་ནས་གབ་ལན་བཤད་ཡོང་བར་སྙམ། སྐབས་དེར་སྤྱང་གྲུང་ལྡན་པའི་གཡོག་པོ་རང་ཉིད་ཀྱི་བདག་པོའི་ཚབ་བྱས་ནས་མལ་ཁྲིའི་སྟེང་དུ་ཉལ་ཡོད་ཅིང་། ཞལ་ཏ་མ་ཁོའི་གམ་དུ་བཅར་བ་ན་མོའི་རྒྱབ་ཀྱི་ལྭ་རིང་ཕྲོགས་པ་དང་། ལྕགས་ཚན་གྱིས་གཞུས་ཏེ་སྒོ་ཕྱིར་བསྐྲད། ཕྱི་ཉིན་དགོང་མོ་ཀོང་ཇོས་ཡང་གཡོག་མོ་ཞིག་མངགས་ཤིང་། སེམས་སུ་སྟབས་འགྲིག་ན་ཅི་ཞིག་ཐོས་འོངས་ངེས་སྙམ། ཡིན་ཡང་སྔར་ལྟར་རྒྱལ་སྲས་ཀྱི་གཡོག་པོས་ལྭ་རིང་ཕྲོགས་ནས་ལྕགས་ཚན་གྱིས་ཕྱི་ལ་བསྐྲད། རྒྱལ་སྲས་ཀྱིས་ཉིན་གསུམ་པར་བདེ་འཇགས་ཡིན་བསམས་ནས་རང་ཉིད་ཀྱི་མལ་ཁྲིའི་སྟེང་ཉལ། ཐེངས་དེར་ཀོང་ཇོས་མདོག་སྐྱ་བོའི་ལྭ་རིང་ཞིག་གྱོན་ནས་ཐོན་པ་དང་། རྒྱལ་སྲས་ཀྱི་གམ་དུ་བསྡད་ཅིང་།  རྒྱལ་སྲས་གཉིད་ཟིན་སྙམ་ནས་ཁོ་དང་ཁ་བརྡ་བྱས། ཁོས་ཀྱང་མི་གཞན་དག་ལྟར་རྨི་ལམ་ནང་ནས་གབ་ལན་བཤད་ཡོང་བར་རེ་སྒུག་བྱས། ཡིན་ཡང་རྒྱལ་སྲས་གཉིད་མེད་དེ། དོན་དག་ཐམས་ཅད་གསལ་པོར་ཤེས་ཐུབ།ཀོང་ཇོས“མི་གཅིག་ཀྱང་མ་བསད་པ་དེ་ཅི་རེད”ཅེས་དྲིས།

རྒྱལ་སྲས་ཀྱིས“ཁྭ་ཏ་ཞིག་རེད། ཁོས་དུག་ཕོག་པའི་རྟ་ཤ་ཟོས་ནས་ཤི་སོང་།”ཞེས་བཤད།

ཀོང་ཇོས“ཡང་མི་བཅུ་གཉིས་བསད་པ་དེ་ཅི་ཞིག་རེད།”ཅེས་དྲིས།

“དེ་ནི་མི་གསོད་པའི་ཇག་པ་བཅུ་གཉིས་རེད། ཁོ་ཚོས་ཁྭ་ཏའི་ཤ་ཟོས་ནས་ཤི་སོང་།”ཞེས་བཤད། ཀོང་ཇོས་གབ་ལན་ཤེས་ཏེ་ཁ་རོག་གེར་ཕྱིར་འགྲོ་མགོ་བརྩམས་པ་ན།  རྒྱལ་སྲས་ཀྱིས་མོའི་ལྭ་རིང་ནས་དམ་པོར་བཟུང་བས་མོར་ཡང་ཐབས་ཟད་དེ་ལྭ་རིང་མི་བསྐྱུར་ཀ་མེད་བྱུང་། ཕྱི་ཉིན་སྔ་དྲོར་ཀོང་ཇོས་གབ་ཚིག་ཁེད་སོང་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཁྲིམས་དཔོན་བཅུ་གཉིས་བོས་ནས་ཁོ་ཚོའི་མདུན་དུ་གབ་ལན་བཤད།རྒྱལ་སྲས་ཀྱིས་ཁོ་ལ་སྐད་ཆ་བཤད་རྒྱུ་ཡོད་ཅེས་ཞུས་པ་དང་། རྒྱལ་སྲས་ཀྱིས“ཁ་སང་དགོང་མོར་མོ་རང་ལྐོག་ལྐོག་སུད་སུད་ངང་ངའི་མལ་ཁང་དུ་ཡོང་ནས་གབ་ལན་ང་ལ་ཞིབ་ཕྲའི་ངང་དྲིས་བྱུང་། དེ་མིན་མོས་གབ་ལན་ཁེད་མི་སྲིད”ཅེས་བཤད། ཁྲིམས་དཔོན་གྱིས་བདེན་དཔང་ཁྱེར་ཤོག་ཟེར་བར།རྒྱལ་སྲས་ཀྱི་གཡོག་པོས་ལྭ་རིང་གསུམ་པོ་ཁྱེར་ཡོང་བ་ན།  ཁྲིམས་དཔོན་དག་གིས་ཀོང་ཇོས་རྒྱུན་དུ་གྱོན་པའི་ལྭ་རིང་དེ་མཐོང་འཕྲལ་མགྲིན་གཅིག་ཏུ“མི་མངགས་ནས་ལྭ་རིང་འདི་གསེར་སྐུད་དངུལ་སྐུད་ཀྱིས་གཙགས་ནས་གྲུབ་རྗེས། ཁྱེད་གཉིས་ཀྱི་གཉེན་སྒྲིག་གི་གཟབ་གོས་བྱོས་ཤིག”ཅེས་བཤད། །

《ཀེ་ལིན་བྱིས་སྒྲུང》ལས་གཡང་ཆེན་སྒྲོལ་མས་བསྒྱུར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།