ཀྲུང་གོ་བོད་ཀྱི་དྲ་བ།

མའོ་པའོ་སང་དགུང་དུ་གཤེགས་པར་ཞུ་གསོལ་གྱི་གཏམ།

  རྩོམ་པ་པོ། : གཏམ་བཤད་པ་ཙོ་ལཱ།རྡོ་རྗེ་སྒྲོལ་མས་བསྒྱུར།   སྤེལ་དུས། : 2019-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཏམ་གྱི་ཡིག་ཚགས།

གཏམ་བཤད་པ། ཙོ་ལཱ།(1840-1902)

གཏམ་བཤད་དུས་ཚོད།   1893ལོ།

གཏམ་བཤད་ས་གནས།   མའོ་པའོ་སང་གི་འདས་མཆོད་སྟེང་།

གཏམ་བཤད་པའི་གོ་ཐོབ།     ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན།

སྐུ་ཉིད་ཀྱིས་ང་ལ་ཧྥ་རན་སིའི་རྩོམ་རིག་གི་མིང་ཐོག་ནས་ཞུ་གསོལ་གྱི་གཏམ་འབུལ་དུ་འཇུག་རོགས།  འཐབ་གྲོགས་དང་སྤུན་ཟླ། གྲོགས་པོ་བཅས་ཡིན་པའི་ཆ་ནས་མ་གཏོགས་ལས་རྐང་གཅིག་ཡིན་པའི་ཆ་ནས་ཅེ·ཊི་མའོ་པའོ་སང་མཆོག་ལ་བླ་མེད་ཀྱི་གུས་འདུན་ཞུ་བ་མ་ཡིན།

ང་རང་ཅི་ཟི་ཐ་ཧྥུ་ཧྥུའུ་ལའོ་ཡི་ཁྱིམ་དུ་མའོ་པའོ་སང་དང་ཐོག་མར་ཐུག་འཕྲད་བྱུང་བ་སྟེ། དེ་དུས་ཁོང་དགོང་ལོ་བཅོ་བརྒྱད་དང་ཉི་ཤུའི་བར་རེད། ད་ལྟ་ཁོང་ཡང་བསྐྱར་ངའི་མིག་མདུན་དུ་མངོན་ཞིང་། ཁོང་ནི་ངར་ཤ་དོད་ཅིང་སྤྱན་མིག་རྣོ་ལ་ཁྲ་བ། སྨྲ་བ་ཉུང་བ།  དགེ་བའི་བཤེས་ཀྱི་མདུན་རོལ་དུ་བུ་ཕྲུག་གིས་ཨ་ཕར་གུས་པ་བཞིན་ཁེངས་སྐྱུང་དང་བསྟི་སྟངས་བྱེད་མཁན་ཞིག་ཡིན།  ཁོང་གིས་ཕྱི་དྲོ་རིང་མོ་ཞིག་ལ་ང་ཚོའི་ཁ་བརྡ་ལ་རྣ་བ་གཏད་ནས་ཉན་ཞིང་། ཡུན་རིང་འགོར་རྗེས་བློ་ཁོག་ཆེན་པོའི་ངང་ཚིག་ཀ་རེ་གཉིས་ཙམ་བརྗོད། ཡིན་ཡང་། བློ་བག་ཡངས་ཤིང་སྦ་གསང་མེད་པའི་ཕོ་གསར་འདིས་གཞོན་ཤ་དོད་པའི་དགའ་སྤྲོ་བསྐྱེད་ཅིང་འདུ་བ་སྙོམས་པའི་ཉམས་འགྱུར་གྱིས་ཀུན་ནས་བྱུགས་པས་ང་ཚོ་ཁོང་ལ་ཤིན་ཏུ་དགའ།  ཁོང་ངར་ཤུགས་བསྐྱེད་པའི་ལུས་རྩལ་ལ་མོས། སྐབས་དེ་དུས་ཁོང་ལ་དཔའ་ངར་བསྐྱེད་པའི་སྐོར་གྱི་གཏམ་བཟང་ཕྱོགས་བཅུར་ཁྱབ་བཞིན་ཡོད་མོད། ནམ་ཞིག་ང་ཚོས་ཁོང་ལ་འདི་འདྲའི་རིག་པ་སྐྱེན་པོ་ཞིག་ཡོད་འགྲོ་བ་ཡིད་ལའང་ཤར་མྱོང་མེད།

ཕུལ་དུ་བྱུང་བའི་བརྩམས་ཆོས་རྩེ་ཕུད《ལུག་ཚིལ་གོང་བུ》ནི་སེམས་འགུལ་ཐེབས་སླ་ཞིང་ཟུར་ཟ་ཁྲེལ་དགོད་ཀྱིས་བྱུགས་པ།  བློ་སྟོབས་འཕེལ་བའི་ལེགས་པོ་ཀུན་རྫོགས་ཀྱི་བརྩམས་ཆོས་ཤིག་སྟེ་འཛམ་གླིང་ཀུན་ཏུ་སྙན་པའི་བ་དན་དགུང་དུ་འཕྱོ། ཁོང་ལས་གནས་སུ་སླེབས་མ་ཐག་ནས་དོན་སྙིང་ལྡན་པའི་བརྩམས་ཆོས་ཤིག་བསྣམས་ཡོང་བ་དེས་ཁོང་ཉིད་སློབ་དཔོན་ཆེན་མོའི་གྲལ་དུ་ཚུད་པ་རེད། ང་ཚོས་ཁོང་གི་ནར་སོན་གྱི་ལོ་ཟླ་མིག་གིས་འཚོས་ཤིང་རིག་པ་སྐྱེན་ཚད་བློ་ཡུལ་དུ་ཤོང་དཀའ་བ་ཞིག་གི་གྲོགས་པོར་གྱུར་འགྲོ་བ་ཡིད་ལའང་འཆར་མ་མྱོང་བས་དགའ་སྤྲོ་ཚད་མེད་སྐྱེས། ཡིན་ནའང་། ཉིན་དེ་ནས་བཟུང་། ཁོང་གི་བརྩམས་ཆོས་གང་མང་རྒྱུན་ཆད་མེད་པར་མི་ཡུལ་དུ་བལྟམས་ཤིང་། ཁོང་གི་བརྩམས་ཆོས་མང་ཞིང་སྤུས་དག་པ་ལས་མངོན་པའི་སྦྱངས་གོམས་ཐོན་པའི་ནུས་པ་དེས་ང་རང་ཧ་ལས་པར་བཏང་།   སྒྲུང་རིང་དང་སྒྲུང་འབྲིང་གི་རྒྱུན་ཆད་པ་མེད་པར་ཐོན་པ་ལ་ཕུན་ཚོགས་ཀྱི་ཁྱབ་མཐའ་མི་ཆོད་ཅིང་དྭངས་རྩེ་ངོ་མཚར་མི་ཆེ་བ་མེད་པས་རྩེ་མོའི་རྩེ་མོར་སོན་ཡོད། བརྩམས་ཆོས་རེ་རེ་ནི་སྤྲོ་བའི་ཟློས་གར་ཞིག་གམ་ཡང་ན་འཐུང་སྒོ་ཚང་བའི་སྐྱོ་གར་ཞིག་ཡིན་པས། མི་རྣམས་ཀྱི་ཐོས་རྒྱ་ཇེ་ཆེར་བཏང་ནས་འཚོ་བ་མངོན་པར་གསལ་བའི་དཀར་ཁུང་ཞིག་གསལ་ལེར་ཕྱེས་པ་ཡིན། ཁོའི་བརྩམས་ཆོས་ཀློག་སྐབས་སུ་དགོད་བྲོ་ཞིང་ངུ་སྐྱེན་མོད། དེ་ནི་ནམ་ཡང་བསམ་གཞིགས་ཞིབ་མོ་གཏོང་དགོས་པ་ཞིག་ཡིན།

ཨེ་མ། ཇི་འདྲའི་དྭངས་ཤིང་མཛེས་པའི་ཆུ་རྒྱུན་གྱི་འབྱུང་ཁུངས་ཤིག་རེད་དེ། ང་ཡིས་མི་རབས་རེ་རེ་དྭངས་གཙང་གི་ཆུ་མིག་ཁྲོད་ནས་བློ་ཁོག་ཡངས་པོ་ཞིག་འབྱུང་ཐུབ་པར་སྨོན་ལམ་བཏབ་ཡོད། ཁོང་གི་ཁྲག་རྩའི་སྦུབས་སུ་ང་ཚོའི་ལ་ཏིང་བའི་ཁྲག་དྲོན་རྣལ་མ་རྒྱུ་བར་མ་ཟད་ཡ་རབས་ཚུལ་དང་མཐུན་པའི་རྩོམ་མཁན་རླབས་པོ་ཆེའི་ཁྱིམ་རྒྱུད་དུ་གཏོགས་པས་ང་རང་མའོ་པའོ་སང་ལ་རབ་ཏུ་དགའ། སྒྱུ་རྩལ་གྱི་ཞིང་ཁམས་ལ་ཏན་ཏན་དུ་ཚད་བཀག་བྱེད་མི་ངེས་པར། རྙོག་འཛིང་དང་ལྐོག་གྱུར། གོ་མེད་ཅན་གྱི་དབང་ཆར་ཁས་ལེན་བྱེད་པར་ངེས། འོན་ཀྱང་ངས་བལྟས་ན་འདི་དག་ཡོད་ཚད་ནི་ངན་རུལ་དུ་གྱུར་པ་ཡིན་གཤིས། གལ་ཏེ་ཁྱོད་རང་འཐད་པ་ཡིན་ན་ལན་ཅིག་གི་སྒྲིག་འགལ་ལུགས་ལྡོག་ཡིན་ཞེས་བཤད་ཀྱང་འཐུས  གང་ལྟར་ངེས་པར་དུ་དྲང་བདེན་དང་གསལ་ཐག་ཆོད་པར་ཕྱོགས་དགོས་ཏེ། མི་རྣམས་ཀྱིས་མཐར་ཐུག་འཚོ་བཅུད་ལྡན་པའི་བཟའ་བཏུང་སྤྱོད་པ་དང་གཉིས་སུ་མ་མཆིས་སོ། །

མའོ་པའོ་སང་གིས་མི་ལོ་བཅོ་ལྔའི་ནང་དུ་བརྩམས་ཆོས་པོ་ཏི་ཉི་ཤུར་ཉེ་བ་ཙམ་བརྩམས་གནང་ཡོད། གལ་ཏེ་ཁོང་ད་དུང་འཚོ་བཞེས་གནང་ཡོད་ཚེ་འདི་ལས་ལྡབ་གྲངས་གསུམ་གྱི་ཁ་གྲངས་འཕར་ཐུབ་པ་མ་ཟད། ཁོང་གཅིག་པུའི་བརྩམས་ཆོས་ཀྱིས་དཔེ་སྒྲོམ་བཀང་འགྲོ་བར་གདོན་མི་ཟའོ། །འོན་ཏེ་ངས་དོན་དུ་ཅི་ཞིག་བཤད་དགོས་སམ། ང་ཚོའི་དུས་རབས་ཀྱི་བམ་པོ་མང་ཞིང་ཡིག་ཚོགས་ཆེ་བའི་དཔེ་དེབ་དག་ལ་གདོང་གཏད་ན་སྐབས་འགར་དངོས་གནས་བློ་མི་བདེ་བར་འགྱུར་སྲིད།  འདི་དག་ཡོད་ཚད་ནི་ཡུན་རིང་ལ་གཟབ་ནན་གྱིས་རྩོམ་འབྲི་གནང་བའི་འབྲས་བུ་ཡིན་མོད། མཚན་དང་སྙན་གྲགས་ལ་མཚོན་ན་དེའང་ཁུར་པོ་ལྕི་མོ་ཞིག་ཅི་ལ་མིན། མི་རྣམས་ཀྱི་དྲན་ཤེས་སུ་འདི་འདྲའི་ཁུར་པོ་འཁུར་དགོས་པར་དགའ་བོ་མེད་དེ། གཞི་རྒྱ་ཆེས་ཆེར་ལྡན་པའི་བརྩམས་ཆོས་རབས་དང་རིམ་པ་དེ་དག་ཕྱི་རབས་དྲན་པའི་ངོས་སུ་ཡུན་རིང་དུ་གནས་ཐུབ་པ་ནི་ཅིས་ཀྱང་ཤོག་ལྷེ་འགའ་ལས་མེད་དོ། །སུ་ཞིག་གིས་ནམ་ཡང་ཉམས་པ་མེད་པ་ནི་ཐིག་ཕྲེང་སུམ་བརྒྱ་ཅན་གྱི་བརྩམས་སྒྲུང་ཞིག་ཡིན་མི་སྲིད་པར། མ་འོངས་དུས་སྐབས་ཀྱི་སློབ་བུ་ཚོས་ཀླན་ཀ་འཚོལ་ས་མེད་པའི་ལེགས་པོ་ཀུན་རྫོགས་ཀྱི་དཔེ་མཚོན་ཅན་གྱི་ངག་ནས་ངག་བརྒྱུད་པའི་བསྡུས་བརྗོད་དམ་གཏམ་རྒྱུད་ཡིན་ཞེས་སྨྲ་བར་སྤོབས་སམ།

སྐུ་ཞབས་རྣམ་པ། འདི་ནི་མའོ་པའོ་སང་མཆོག་གི་བློས་བཀལ་ཆོག་པ་དང་རྟག་བརྟན་ཐེར་ཟུག་གི་གཟི་བརྗིད་རེད། ཁོང་གིས་རིན་དོད་མཐོན་པོ་བཏང་ནས་གཏན་གྱི་བདེ་བ་དེ་རྙེད་ཡོད་ན། རང་ཉིད་ཀྱིས་བཞག་པའི་བརྩམས་ཆོས་ལ་ནམ་ཡང་མི་སེམས་འདུལ་བའི་སྐྱེ་སྟོབས་བདོག་སྲིད་པར་ཁོང་ལ་ཡིད་ཆེས་བྱེད་དུ་ཆུག་དང་།  བདེ་བར་བཞུད་ཅིག  ཁོང་གི་བརྩམས་ཆོས་བསྐལ་བ་ཇི་སྲིད་བར་དུ་མི་འཇིག་པ་མ་ཟད་ཁོང་ཉིད་ཀྱང་ཚེ་འདིར་གཏན་དུ་མི་ཡལ་བར་ཤོག

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཙོ་ལཱ།  ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན། 1840ལོའི་ཟླ་4པར་གྲོང་ཁྱེར་ཕ་རི་སི་ནས་སྐུ་འཁྲུངས།  1859ལོར། སློབ་འབྲིང་མཐར་ཕྱིན་གྱི་ཚོགས་རྒྱུགས་ལས་ཕམ་ཁ་ཉོས་ཏེ་སློབ་ཆེན་འགྲིམ་པའི་བསྐལ་བ་མ་ལྡན། དེའི་རྗེས་ཀྱི་ལོ་གཉིས་ཀྱི་ནང་ཁོས་ལས་ཤོར་གྱི་བྲོ་བ་མྱངས་སྟབས་ངལ་རྩོལ་མང་ཚོགས་ཀྱི་འཚོ་བར་རྒྱུས་མངའ་གསལ་བོ་ཡོད།  1862ལོར། ཨ་ཞེ་ཐེ་དཔེ་སྐྲུན་ཁང་དུ་ལས་ཀར་ཞུགས་ཤིང་། 1864ལོར། ཁོའི་སྒྲུང་ཐུང་དཔེ་ཚོགས་ཐོག་མ་《ཉི་ནུང་ལ་ཕུལ་བའི་གཏམ་རྒྱུད》ཅེས་པ་པར་དུ་བསྐྲུན། 1877ལོར། ཁོའི་གསུང་རྩོམ་《ཁྲུང་ཁང་ཆུང་ཆུང》ཞེས་པ་ལེགས་འགྲུབ་བྱུང་ཞིང་དེ་ནས་བཟུང་མཚན་སྙན་གྱི་གྲགས་པ་རབ་ཏུ་རྒྱས། དེའི་རྗེས་ནས་ཁོས་ལོ་ངོ་བཅུ་དྲུག་གི་དུས་ཚོད་སྤྱད་དེ་གསུང་རྩོམ་བཅུ་གསུམ་ལེགས་འགྲུབ་བྱུང་ཞིང་དེའི་ཁྲོད་ཅུང་སྐད་གྲགས་ཆེ་བ་ལ་《ནཱ་ནཱ》དང་《མྱུ་གུ་འབུས་པ》།《སྒོར་མོ》།《ཐོར་ཞིག》《སྨན་པ་པཱ་སི་ཁ》སོགས་ཡོད། 1902ལོའི་ཟླ9པའི་ཚེས་28ཉིན་སོལ་དུག་ཕོག་ནས་གྲོང་ཁྱེར་ཕ་རི་སི་རུ་སྐུ་གཤེགས།

བརྩམས་ཆོས་མྱོང་རོལ།

ཐོག་མར་ཙོ་ལཱས་རང་ཉིད་མའོ་པའོ་སང་དང་ཧྥུའུ་ལའོ་པའེ་ཡི་ཁྱིམ་དུ་ཐུག་འཕྲད་བྱུང་བའི་ངང་ཚུལ་ཕྱིར་དྲན་བྱས་ཤིང་། དེ་དག་ཚིག་ཉུང་དོན་བསྡུས་ཀྱིས་ཞིབ་བརྗོད་བྱས་མོད་ཡུལ་དངོས་གྱི་ཉན་མཁན་རྣམས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད།  ཐེངས་འདིའི་གཏམ་བཤད་ཁྲོད། ཙོ་ལཱས་མའོ་པའོ་སང་གི་《ལུག་ཚིལ་གོང་བུ》ལ་གདེང་འཇོག་ཆེན་པོ་བྱས་པ་མ་ཟད།  ཁོང་གི་བརྩམས་སྒྲུང་རེ་རེར་“བརྩམས་ཆོས་རེ་རེ་ནི་སྤྲོ་བའི་ཟློས་གར་ཞིག་གམ་ཡང་ན་འཐུང་སྒོ་ཚང་བའི་སྐྱོ་གར་ཞིག་ཡིན་པས། མི་རྣམས་ཀྱི་ཐོས་རྒྱ་ཇེ་ཆེར་བཏང་ནས་འཚོ་བ་མངོན་པར་གསལ་བའི་དཀར་ཁུང་ཞིག་གསལ་ལེར་ཕྱེས་པ་ཡིན”ཞེས་བསྟོད་བསྔགས་བྱས། གཏམ་བཤད་ཁྲོད། ཙོ་ལཱས་མའོ་པའོ་སང་གི་བརྩམས་ཆོས་ཀྱི་ཁ་གྲངས་ལ་གཞིགས་ནས་འདི་འདྲའི་རྩོམ་མཁན་རླབས་ཆེན་ཞིག་ལོ་ན་གཞོན་དུས་སུ་བཞུད་སོང་བའི་ཕངས་སེམས་བརྗོད་ཡོད་དེ།“གལ་ཏེ་ཁོང་ད་དུང་འཚོ་བཞེས་གནང་ཡོད་ཚེ་འདི་ལས་ལྡབ་གྲངས་གསུམ་གྱི་ཁ་གྲངས་འཕར་ཐུབ་པ་མ་ཟད། ཁོང་གཅིག་པུའི་བརྩམས་ཆོས་ཀྱིས་དཔེ་སྒྲོམ་བཀང་འགྲོ་བར་གདོན་མི་ཟའོ། །”དེའི་རྗེས་ནས་མའོ་པའོ་སང་གི་སྒྲུང་ཐུང་ལ་གདེང་འཇོག་བྱས་ཏེ“སུ་ཞིག་གིས་ནམ་ཡང་ཉམས་པ་མེད་པ་ནི་ཐིག་ཕྲེང་སུམ་བརྒྱ་ཅན་གྱི་བརྩམས་སྒྲུང་ཞིག་ཡིན་མི་སྲིད་པར། མ་འོངས་དུས་སྐབས་ཀྱི་སློབ་བུ་ཚོས་ཀླན་ཀ་འཚོལ་ས་མེད་པའི་ལེགས་པོ་ཀུན་རྫོགས་ཀྱི་དཔེ་མཚོན་ཅན་གྱི་ངག་ནས་ངག་བརྒྱུད་པའི་བསྡུས་བརྗོད་དམ་གཏམ་རྒྱུད་ཡིན་ཞེས་སྨྲ་བར་སྤོབས་སམ”ཞེས་ཁོང་འཇིག་རྟེན་དུ་མི་བཞུགས་ནའང་ཁོང་གི་བརྩམས་ཆོས་བསྐལ་བ་ཇི་སྲིད་བར་དུ་མི་ཡལ་བར་བརྗོད་འདུག

ཙོ་ལཱས་གཏམ་བཤད་ནི་བཅོས་མ་མིན་ཞིང་བབ་ཆགས་པའི་སྒོ་ནས་ཁོ་རང་ཉིད་ཀྱི་སྐྱོ་སྣང་དང་ཕངས་སེམས་ཀྱི་སེམས་ཁམས་བརྗོད་ཡོད་པ་མ་ཟད། རྗེས་དྲན་དང་བསྟོད་བསྔགས་ཀྱིས་བཀང་བར་བྱས་ཡོད།  འདི་ནི་བསྟི་སྟངས་ཀྱིས་བསམ་པས་ཁེབས་པའི་ཕུལ་བྱུང་གི་མྱ་ངན་ཞུ་ཚིག་ཅིག་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།