ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་དཔོན་རྒན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལིན་ཅང་གིས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲིག་ལེན་ནས་མི་ལོ་ཉི་ཤུར་བྱ་བ་བསྒྲུབས་ཏེ་དེ་རིང་འགན་ཡོལ་དགོས་པས། མི་རྣམས་ཀྱིས་ཁོ་ལ་ཡུལ་དཔོན་རྒན་པ་ཞེས་འབོད་མགོ་བརྩམས། དེ་ཤིན་ཏུ་མི་ལོབས་ཀྱང་མི་རྣམས་ཀྱིས་དགའ་མདོག་སྟོན་གྱིན་མི་འདུག་ཟེར་བར་དོགས་ནས་དགའ་ལྷང་ལྷང་གིས་དང་ལེན་བྱས།

སྔ་དྲོའི་བརྗེ་སྤྲོད་ཚོགས་ཆེན་འཚོགས་པ་ཤིན་ཏུ་གཟབ་རྒྱས་རེད། རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲཱང་ལགས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ཏེ་ཡུལ་དཔོན་རྒན་པར་བཀའ་དྲིན་ཞུས་ཤིང་ལྷག་པར་དུ་རྒན་དཔོན་རྒན་པས་འགན་འཁུར་ཡུན་དུ་ཡུལ་ཚོ་ཧྲིལ་བོའི་དབུལ་ཕོངས་སྡེ་བ་ཆེས་མཐའ་མ་དེ་རྒྱལ་ཁའི་ངང་དབུལ་བོ་སྒྲོལ་བ་མངོན་དུ་གྱུར་ཚུལ་གླེང་བྱུང་བས། འགན་ཡོལ་རྗེས་སུ་རྩ་འཛུགས་ཀྱིས་ཁས་ལེན་ཐོབ་པར་ཡུལ་དཔོན་རྒན་པ་ཤིན་ཏུ་དགའ་སྤྲོ་འཁོལ།

གསར་བསྐོས་ཡུལ་དཔོན་ལས་གནས་སུ་ཐོན་ཞིང་སྒྲིག་སྲོལ་ལྟར་ན་ཡུལ་དཔོན་རྒན་པས་བརྗེ་སྤྲོད་ཚོགས་ཆེན་འཚོགས་རྗེས་གཟི་བརྗིད་ངང་འགན་ཡོལ་ཟིན་པ་ཡིན། འོན་ཀྱང་ཚོགས་འདུའི་རྗེས་སུ་ཡུལ་དཔོན་རྒན་པས་ཁྲིན་སྡེ་བར་བལྟ་འདོད་པའི་རེ་བ་བརྗོད། དེ་ནི་དབུལ་སྐྱོར་གྱི་འབྲེལ་བ་འཛུགས་ས་ཡིན་ཞིང་ཡུལ་ཚོ་སྲིད་གཞུང་དང་སྤྱི་ལེ་བཅུ་ལྷག་ཡོད་ལ་ལུང་ཀྱོག་འབར་འབུར་གྱིས་ཁེབས་པ་དང་གཞུང་ལམ་མེད་པས་རླངས་འཁོར་འགྲོ་སྟབས་ཤིན་ཏུ་མི་བདེ།

ཡུལ་ཚོ་ཏང་ཨུད་ཀྱི་ཧྲུའུ་ཅི་ལིག་ལགས་ཀྱིས་རང་ཉིད་ཀྱི་ལས་རོགས་རྙིང་པ་ཁྲིན་སྡེ་བར་འགྲོ་རྒྱུ་ཡིན་པ་ཐོས་ཏེ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྔུན་འགོག་པར་ཐོན་ནས། ཡུལ་དཔོན་རྒན་པ། ད་ལྟ་མ་འགྲོ། དེར་བྲེལ་དགོས་དོན་མི་འདུག སང་ལོ་བགྲོད་ལམ་ཤར་གཏོང་བྱས་རྗེས་ངས་ཁ་ལོ་བར་ཁྱོད་རང་བསྐྱལ་དུ་འཇུག

ཡུལ་དཔོན་རྒན་པས། ཧྲུའུ་ཅི། ཁྱེད་ཀྱི་ལྷག་བསམ་ངས་དང་ལེན་བྱས་ཟིན། སོང་ནས་ཐེངས་གཅིག་མ་བལྟས་ཚེ་འགན་ཡོལ་ཟིན་རྗེས་ངའི་སེམས་འདི་ཡང་བདེ་ལ་འབབ་ཐབས་མི་འདུག

དེ་ན་ཞའོ་སུན་ལ་རྐང་གསུམ་འཁོར་ལོ་ཞིག་གླ་རུ་འཇུག

ཡུལ་དཔོན་རྒན་པས་ལུས་རྩལ་སྦྱོང་བརྡར་རེ་བྱེད་དགོས་ཟེར་བས་ལམ་ཕྲན་དེད་དེ་རྐང་ཐང་དུ་འགྲོ་བ་ལས་རླངས་འཁོར་གླ་རུ་མ་བཅུག ཧྲུའུ་ཅིས་ཁོ་རང་ཁ་འོག་ཏུ་མ་ཆུགས་པར་ཞའོ་སུང་ལ་ལམ་བར་ནས་བདག་སྐྱོང་ལེགས་པོ་བྱ་དགོས་པའི་མངགས་བཅོལ་གཏོང་བ་ལས་ཐབས་གཞན་མེད། ཞའོ་སུང་གིས་ཁྲིན་སྡེ་བར་ཁ་པར་བཏང་བས་སྡེ་དཔོན་ཨར་ཁེ་ཡིས་ཁ་པར་ལས་སྐད་གསེང་མཐོན་པོས་ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་བྱས་རྗེས་གཟེངས་སུ་བསྟོད་པའི་གསོལ་སྟོན་འདིར་བཀོད་སྒྲིག་བཟང་པོ་ཞིག་བྱ་ངེས་ཟེར།

སྔ་དྲོ་ཧྲིལ་བོར་ཉམས་དགའ་བའི་ངང་ཚུལ་གྱི་མཚན་མ་རྣམ་པར་བཀྲ།

ཡུལ་དཔོན་རྒན་པ་དང་ཞའོ་སུང་ལམ་ལ་ཆས། དུས་ཚོད་གཅིག་ལྷག་ལ་རི་མགོར་འགོས་རྗེས་གཞི་ནས་གླང་ཉལ་སྒང་ལ་བུད། སྒང་མགོ་རུ་འགྲེང་སྟེ་ཐུར་དུ་བལྟས་ཚེ་ལུང་ཤུར་དང་གྲོང་རོང་གིས་ཁེབས་ཏེ་མཐའ་མི་མངོན། སྐབས་དེར་སྟབས་ཉེས་ཏེ་ཆར་ཆེན་བབས་བྱུང་། ཞའོ་སུང་གིས་རེམ་པར་ཡུལ་དཔོན་རྒན་པ་སྐྱོར་ཏེ་བྲག་ཁུང་ཞིག་ཏུ་ཆར་ལ་གཡོལ། ཆར་བབས་ཀྱིན་ཇེ་ཆེར་གྱུར་བས་ཞའོ་སུང་གིས་ཡུལ་དཔོན་རྒན་པར་ཆར་ཆེན་བབས་པས་ལམ་བར་དུ་འདྲེད་ཉེན་ཤིན་ཏུ་ཆེ། ཆར་འབབ་མཚམས་བཞག་རྗེས་ཕྱིར་སོང་ན་ག་འདྲ་འདུག་ཅེས་སྐུལ། ཡུལ་དཔོན་རྒན་པ་ཤིན་ཏུ་མ་རངས། ཆར་འདི་ཙམ་གྱིས་ཀྱང་སྐྲག་སོང་ངམ། ངས་ཆུང་དུས་སུ་སྦྲག་སྲིད་བསྐྱལ་བ་ཡིན། སྔ་དྲོ་སོང་ནས་དགོང་མོར་ཕྱིར་ལོག་ཀྱང་ནོར་འཛོལ་ཏིལ་ཙམ་ཡོད་མ་མྱོང་། ལམ་འདིར་མིག་བཙུམས་ཏེ་སོང་ནའང་འགྲོ་ཐུབ་ཀྱི་ཡོད།

ཆར་བ་ཇེ་ཆུང་དུ་སོང་བར་ལྟོས་དང་ཟེར་བཞིན་ཡུལ་དཔོན་རྒན་པ་སྔོན་མ་བྱས་ཏེ་བྲག་ཁུང་ལ་ཕྱིར་བུད་དེ་མུ་མཐུད་དུ་བསྐྱོད། ཧ་ལམ་ཆུ་ཚོད་གཅིག་ལྷག་ལ་བསྐྱོད་རྗེས་ཆར་བ་གཞི་ནས་འབབ་མཚམས་བཞག་ཅིང་ཁོ་གཉིས་ཀ་རི་འདབས་སུ་ཐོན་པས་ལམ་འགྲམ་གྱི་བྲག་རྡོ་ཞིག་བཙལ་ཏེ་ཙོག་སྟབས་སུ་བསྡད་ནས་ངལ་གསོས། བྲག་རྡོའི་གཤམ་དུ་འབྲས་ཤིང་གི་ར་བ་ཞིག་ཡོད་དེ་ཁམ་སྡོང་ཡོད་ལ་ཤིང་འབྲས་ཀྱང་ཡོད། ཡུལ་དཔོན་རྒན་པ་ཕར་ལ་སོང་སྟེ་གང་བྱུང་དུ་རྐང་གཅིག་བཏོགས་ཤིང་ཡར་བཀྱགས་ཏེ་བལྟས་པ་ན། ཞའོ་སུང་ཕར་རྒྱུགས་ནས་ཡུལ་དཔོན་རྒན་པ་ལགས། ཅི་བྱུང་སོང་ཞེས་དྲིས། ཡུལ་དཔོན་རྒན་པ་ན་རེ། འགྲོ། འུ་གཉིས་སྔོན་དུ་འགྲོ། རྣང་མིག་གཞན་དག་ལ་ཅིག་བལྟ་ཟེར།

ཁོ་གཉིས་ཀ་འབྲས་ཤིང་གི་ར་བ་གཞན་ཞིག་ཏུ་སོང་ནས་ཡུལ་དཔོན་རྒན་པས་སླར་ཡང་ཤིང་འབྲས་རྐང་གཅིག་བཏོགས་ཏེ་བལྟས་རྗེས་ཞའོ་སུང་ལ་ཤིང་མྱུག་དེ་འཛིན་དུ་བཅུག་རྗེས། ཡུལ་དཔོན་རྒན་པས་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་ཞའོ་སུང་ཡང་རྗེས་དེད་ནས་དབུགས་ཧལ་ཧལ་གྱིས་དལ་རྒྱུགས་བྱེད་མགོ་བརྩམས།

ཨར་ཁེ་ཡི་ཁྱིམ་དུ་སྡེ་བའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་འཛོམས་ཡོད་ཅིང་གོ་ཐོས་སུ་ཡུལ་དཔོན་རྒན་པ་འགན་ཡོལ་ཟིན་པས་དེ་རིང་ཚང་མ་དཀྱུས་གཅིག་ཏུ་འཛོམས་ཏེ་བཀའ་དྲིན་ཞུ་རུ་ཡོང་བ་ཡིན། ཡུལ་དཔོན་རྒན་པ་ཐོན་མ་ཐག་ཨར་ཁེ་ཡིས་ལམ་སང་ཆུང་མར་ཇ་སྦངས་སུ་བཅུག་པ་ན་ཚང་མ་ཚུར་རུབ་སྟེ་ཡུལ་དཔོན་རྒན་པའི་འགན་ཡོལ་ཞུ་ཡིག་ལ་ཉན་པར་སྟ་གོན་བྱས།

ཡུལ་དཔོན་རྒན་པས་སྐད་གསེང་མཐོན་པོས་སྔོན་ལ་ཇ་འཐུང་བར་མ་བྲེལ་དང་། ཚང་མ་འདི་རུ་འཛོམས་འདུག འདི་ནི་ཅི་བྱུང་སོང་བ་རེད་དམ་ཟེར་བཞིན་ཞའོ་སུང་གི་ལག་ནས་ཤིང་མྱུག་ཚུར་བླངས་ཏེ་ཨར་ཁེ་ཡི་མདུན་ཕྱོགས་སུ་གཏད།

ཨར་ཁེ་ཡིས་ལྟ་ཙམ་བྱས་རྗེས་ཤིང་མྱུག་སྐམ་པོ་ཡོད་པ་ཤིན་ཏུ་རྒྱུན་ལྡན་ཞིག་རེད་ཟེར།

རྒྱུན་ལྡན་རེད། ངས་བལྟས་ན་རྒྱུན་ལྡན་མ་རེད། ཡུལ་དཔོན་རྒན་པ་ན་རེ། ཁྲིན་སྡེ་བ་ད་ལོ་དབུལ་སྒྲོལ་བྱུང་སོང་ཞེས་སྙན་ཞུ་ཕུལ་ཡོད། ཁྱོད་ཚོས་གསར་བཙུགས་ཀྱི་ཤིང་ར་འདི་དག་གིས་ཁྲལ་སྤྲོད་ཐབས་བྱེད་པ་ཡིན་ནམ།

ཨར་ཁེ་བགད་བྱུང་། ཡུལ་དཔོན་རྒན་པ། ང་ཚོའི་སྡེ་བ་ནི་ཁྱེད་ཀྱི་དབུལ་སྐྱོར་གྱི་འབྲེལ་བ་འཛུགས་ས་ཟིན། ད་ལོ་ཁྲིན་སྡེ་བ་དབུལ་སྒྲོལ་འབྱུང་བར་ཁྱེད་ཀྱིས་སེམས་ཚེགས་དང་རྐང་ཚེགས་གྲངས་མེད་ཅིག་ཕུལ་ཡོད།

རེད་རེད། མི་ཁ་ཤས་ཀྱིས་ངོ་འཛིན་བསྟུན་མཁས་ངང་ཁྱེད་མིན་ན། ང་ཚོའི་སྡེ་བར་གཞུང་ལམ་ནམ་ཞིག་ཏུ་འགྲུབ་བམ།

ད་དུང་མི་ཁ་ཤས་ཀྱིས་ད་ཆ་ཁྱེད་འགན་ཡོལ་ཟིན་ནའང་ང་ཚོའི་སྡེ་བ་ཁྱེད་ཀྱི་ཞབས་འདྲེན་དུ་འགྱུར་མི་རུང་ཨང་ཟེར།

ངའི་འབྲེལ་བ་འཛུགས་ས་དང་ང་འགན་ཡོལ་ཟིན་ལ་ཉེ་བས་ཁྱོད་ཚོས་ང་ལ་འདི་བཅོས་པ་ཡིན་ནམ། ཡུལ་དཔོན་རྒན་པའི་རྣོ་ངར་གྱི་མིག་ཟུང་གིས་དེར་འཛོམས་པའི་མི་ཚང་མར་མིག་མྱུལ་ཅིག་བྱས་རྗེས་ཨར་ཁེ་ལ་མིག་ཅེ་རེར་བལྟས།

དེ་མ་ཐག་དེར་འཁོད་ཚང་མ་ག་བྱེད་འདི་བྱེད་མེད་པར་གྱུར།

ཨར་ཁེའི་གདོང་ལ་འཛུམ་ཆུང་སྟོན་བཞིན་བྱིས་པར་ངོ་དགའ་བཤད་པ་ནང་བཞིན་ཡུལ་དཔོན་རྒན་པར་ངོ་དགའ་བཤད། ཁྱེད་ཐུགས་མ་ཁྲོ། ཤིང་ར་འདི་དག་གི་རྒྱ་ཁྱོན་དངོས་གྲངས་ཡིན། ང་ནི་ཁྱེད་ཀྱིས་བསྐྱངས་ཏེ་ནར་སོན་པ་ཡིན། ཁྱེད་ལ་མགོ་བསྐོར་གང་ནས་ཐུབ་ཨང་།

དེ་ན་བཟང་གི ངས་ཁྱོད་ལ་འདྲི། ཁྱོད་ཀྱིས་སྙན་ཞུ་ཕུལ་བའི་གཉེར་སྐྱོང་ཡོང་འབབ་སྣ་མང་དེ་ཇི་ལྟར་རྩིས་བརྒྱབ་པ་ཡིན་ནམ།

དེ་ཟེར་རམ། ཨར་ཁེ་ཡུད་ཙམ་ལ་ཧད་རྗེས་ཤིང་ར་འདི་དག་ནགས་ཚལ་དུ་གྱུར་ཚེ་ལོ་རེའི་ཡོང་འབབ་འདི་ལས་ཀྱང་འགོངས་སྲིད་ཟེར།

རེད། ཡིན་ནའང་དེ་ནི་ལོ་གསུམ་རྗེས་ཀྱི་གྲངས་ཀ་རེད། ཡུལ་དཔོན་རྒན་པས་ཡན་པོར་གཏན་ནས་མ་བཏང་།

ཨར་ཁེ་ཡིས་ཡུལ་དཔོན་རྒན་པར་ཐ་མག་གཏད་ཀྱང་ཡུལ་དཔོན་རྒན་པས་ཕར་དེད་དེ་འདི་དག་གིས་ཕྲ་སེལ་སླ་བཅོས་བྱེད་ཐབས་མེད་ཟེར།

གང་ལྟར་ད་ལོ་སྙན་ཞུ་ཕུལ་ཚར་བ་རེད། དེ་རྫབ་བེ་རྫོབ་བེ་བྱས་པར་བརྩི་མི་རུང་ཞིང་ཡང་གཅིག་བཤད་ན་ཁྱེད་ཀྱང་འགན་ཡོལ་ཟིན། དོན་འདི་ཁྱེད་ཀྱིས་ཁ་ཡ་ངོ་ཡ་བྱེད་མི་ནུས།

མི་ཆོག དོན་འདིར་ངས་ངེས་པར་དུ་ཁ་ཡ་ངོ་ཡ་བྱེད་དགོས།

ཞྭ་མོ་འཕུད་པ་ནི་ཁྲིན་སྡེ་བའི་རྒན་དར་གཞོན་གསུམ་བརྒྱ་ཕྲག་ཅིག་གི་ངོ་སོ་རེད། ཁྱེད་ཀྱི་གཟི་བརྗིད་ཀྱང་མ་ཡིན་ནམ། དེར་འཛོམས་ཚང་མས་ངོ་མ་རེད་ངོ་མ་རེད་ཅེས་བཤད།

ངོ་སོ། ཁྱོད་ཚོས་འདི་ལྟར་བསྒྲུབས་ན་དེར་ངོ་སོ་ཞིག་ཡོད་དམ། ཡུལ་དཔོན་རྒན་པ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ་ངོ་མདོག་དམར་པོར་གྱུར།

ཨར་ཁེ་ཡིས་བར་མཚམས་མི་ཕྱེད་པར་དགོངས་དག་ཞུས། ངས་ཁྱེད་ལ་ཁག་ཐེག་བྱེད། སང་གནངས་ལོར་ཤིང་ར་འདི་དག་ལ་སིལ་ཏོག་ཐོགས་ནས་ཐོན་ལེགས་འབྱུང་ཏན་ཏན་ཡིན། གྲངས་ཀ་དེར་སོན་མ་ཐུབ་ཚེ་འགན་འཛོལ་རང་དཀྲིས་ཀྱིས་ལས་ཁུར་རྩ་དགོངས་ཞུ།

རྩ་དགོངས་ཞུ་མིན་ཁྱོད་ཀྱིས་བཤད་ན་ཆོག་པ་ཞིག་མ་རེད། ངས་ད་ལྟ་བསྒྲུབ་དགོས་པའི་དོན་དག་གཅིག་རང་ཡོད།

དོན་དག་ཅི་ཞིག ཨར་ཁེ་དང་ཞའོ་སུང་ཚང་མ་བློ་འཚབ་སྐྱེས་བཞིན་ཡུལ་དཔོན་རྒན་པར་བལྟས།

རྫོང་ལ་སྙན་ཞུ་ཕུལ་ཏེ་དབུལ་ཕོངས་སྡེ་བའི་ཞྭ་མོ་སླར་ཡང་བསྐོན་དགོས།

ཁྱེད་ཀྱི་དེ་ཅི་ཡིན་ནམ། དེར་འཁོད་ཚང་མ་ཧ་ལས་ཧང་སངས་པར་གྱུར།

ང་འགན་ཡོལ་ཟིན་ལ་ཉེ། འགན་ཡོལ་ཟིན་ལ་ཉེ་སྟབས་ངས་ལས་ཐོག་རྗེས་མར་རྩིས་མི་འཕྲོད་པའི་དོམ་བསྐྱུར་མི་རུང་།

ཡུལ་དཔོན་རྒན་པའི་ཚིག་བརྗིད་ཅིང་ཟིལ་ཤུགས་མངའ་བས་དེར་འཁོད་ཚང་མ་གྲག་མེད་དུ་བཏང་།

༢༠༡༩ལོའི་ཟླ༢ཚེས༡༩ཉིན་ཕ་ཡུལ་ནས་བསྒྱུར་ཅིང་བཅོས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།