ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆེན་གྱི་གཏན་ཚིགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལིན་ཅན་ཧྭ་ཡིས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་སྐྱོང་རྒྱུ་ནི་སློབ་ཆེན་གྱི་སྲོག་ཤིང་འགན་འཁྲི་ཡིན་ཏེ། དེ་ནི་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་བཏོན་པའི་རེ་བཞག་དང་སློབ་ཆེན་གྱི་མཚན་སྙན་གྲགས་ཀྱི་འབྱུང་རྩ་གཙོ་བོའང་ཡིན། སློབ་ཆེན་ནང་གི་རྩ་འཛུགས་དང་མི་སྒེར་མཐའ་དག་ལ་རང་ཉིད་ཀྱི་ཁེ་ཕན་བརྗོད་དུ་ཡོད་པས། སློབ་གྲྭའི་སྲོག་ཤིང་འགན་འཁྲིའི་ངོས་ལེན་ཡང་རང་ཤུགས་སུ་ཡོང་བ་ཞིག་ལར་ནས་མིན། དེའི་ཕྱིར། སློབ་གྲྭའི་ལམ་ལུགས་དང་ཐོན་ཁུངས། སྲིད་ཇུས་ཀྱིས་ངེས་པར་དུ་སློབ་མའི་སློབ་སྦྱོང་གི་མཐོར་འདེགས་དང་འཚར་ལོངས་ཉམས་ལེན་ལྟེ་བར་བཟུང་ནས། ཕྱོགས་སོ་སོ་མཉམ་རུབ་ཀྱི་ལམ་ལུགས་དང་རིག་གནས་བཙུགས་ན། གཞི་ནས་སློབ་གྲྭའི་སྲོག་ཤིང་འགན་འཁྲི་དང་ལས་འགན་མངོན་དུ་འགྱུར་ཐུབ།

མི་ཁ་ཤས་ཀྱི་བསམ་པར་ཐོག་ཁང་ཆེན་མོ་དང་དགེ་རྒན་ཆེན་མོ་ཡོད་ཚེ་སློབ་ཆེན་པ་ལེགས་པར་སྐྱོང་ཐུབ་འདོད་ཀྱིན་ཡོད་ཀྱང་དོན་གྱིས་དེ་འདྲ་ཞིག་གཏན་ནས་མིན། སློབ་ཆེན་གྱི་གཞི་ཁྱོན་རྒྱ་མི་ཆེ་ཡང་དེ་ལ་འབྲེལ་བའི་མི་དང་ཁྱབ་ཁོངས་ནི་ཤིན་ཏུ་རྙོག་འཛིང་ཆེ། རིག་གནས་པའི་རང་གཤིས་དང་རེ་བཞག རིག་ཚན་གྱི་འགྱུར་བ་དང་བརྟན་སྲུང་། སྤྱི་ཚོགས་ཀྱི་རེ་འདུན་དང་འཁང་ར། སྲིད་གཞུང་གི་རྒྱབ་སྐྱོར་དང་དོ་དམ་སོགས་ཀྱིས་སློབ་ཆེན་གྱི་དོ་དམ་ལ་ཤུགས་རྐྱེན་ཐེབས་སྲིད། དོ་དམ་པས་སློབ་སྒྲུབ་ཆོས་ཉིད་བྱང་ཆུབ་ཅིང་སློབ་ཆེན་གྱི་གཞི་རྩའི་རིན་ཐང་བརྟན་སྲུང་བྱེད་དགོས་ལ། ཆབ་སྲིད་ཀྱི་ཚོར་ཤེས་རྣོན་པོ་སྲུང་འཛིན་དང་སློབ་ཆེན་གྱི་བརྟན་བརླིང་འཕེལ་རྒྱས་ལ་ཁག་ཐེག་ཀྱང་བྱེད་དགོས།

སློབ་ཆེན་གྱི་ནང་གི་གཏན་ཚིགས།

ཁྲུང་ཆིང་སློབ་ཆེན་གྱི་དཔྱད་གླེང་ཚོགས་འདུ་ཆུང་གྲས་ཤིག་གི་སྟེང་ཕྱོགས་བསྡུས་བཅོས་བསྒྱུར་གྱི་བསམ་ཕྱོགས་ལ་ཀུན་གྱིས་རྩོད་སྡུར་མཚམས་མི་ཆད་པ་བྱས། སློབ་ཁྲིད་གཙོ་གཉེར་བ་སློབ་གཙོ་གཞོན་པའི་བསམ་པར་འགྲོ་བ་མི་སྐྱོང་རྒྱུ་ཤིན་ཏུ་གལ་ཆེ་བས་ཕྱོགས་བསྡུས་བཅོས་བསྒྱུར་གྱི་མགོ་འཛུགས་ས་བྱེད་དགོས་པར་འདོད། ཚན་རིག་ཞིབ་འཇུག་གཙོ་གཉེར་བ་སློབ་གཙོ་གཞོན་པའི་བསམ་པར་རིག་གཞུང་ཞིབ་འཇུག་ཀྱང་སློབ་གྲྭ་ལ་གལ་ཆེ་བར་འདོད། མི་དོན་དང་སློབ་མའི་ལས་དོན་གྱི་གཙོ་གཉེར་བ་སློབ་གཙོ་གཞོན་པ་ཡང་ཁ་རོག་གེར་མི་འདུག་པ་སྨྲ་ག་ལ་དགོས། སློབ་ཆེན་གྱི་འགན་ནུས་ལ་འགྱུར་བ་ཆེན་པོ་ཐེབས་འདུག་སྟེ། འགྲོ་བ་མིའི་ཤེས་བྱ་གསོག་ཉར་དང་ཁྱབ་སྤེལ་ལས་གཞན་ཤེས་བྱ་གསར་བཟོ་དང་སྤྱི་ཚོགས་ཞབས་ཞུ། རིག་གནས་དར་སྤེལ་སོགས་ཀྱི་ཕྱོགས་སུ་བྱེད་ནུས་སྔར་ལས་ཆེ་བ་འདོན་བཞིན་ཡོད། དེའི་ཕྱིར། ཀུན་གྱིས་རྩོད་སྡུར་བགྱི་བཞིན་པ་ནི་གཞི་རྩའི་གནད་དོན་གལ་ཆེན་ཞིག་སྟེ། སློབ་ཆེན་གྱི་འགན་འཁྲི་དེ་དག་གི་བར་དུ་འབྲེལ་བ་གང་ཞིག་ལྡན་པ་དང་ཆེས་སྲོག་ཤིང་དུ་གྱུར་པའི་འགན་འཁྲི་གང་ཞིག་ཡིན་ནམ། གནད་དོན་དེ་དག་ལ་རྒྱུས་ལོན་དང་སློབ་ཆེན་གྱི་གཏན་ཚིགས་ལ་རྒྱུས་ལོན་བྱེད་པ་ནི་སློབ་ཆེན་གྱི་དོ་དམ་བྱ་བ་ལེགས་པར་བསྒྲུབ་པར་གལ་འགངས་ཆེས་ཆེར་ལྡན།

དེའི་རྗེས་ཀྱི་ལོ་འགའི་ནང་ངས་དུས་རྟག་ཏུ་སློབ་ཆེན་གྱི་ནང་གི་གཏན་ཚིགས་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་ཡིན། ཐོག་མར་ང་ཚོས་སློབ་ཆེན་དང་ཁེ་ལས་གཉིས་བསྡུར་བ་བྱས་ན། ཁེ་ལས་འཕེལ་རྒྱས་ཀྱི་གཞི་རྩའི་ལས་འགན་ནི་ཚོང་མགྲོན་ལ་རིན་ཐང་བསྐྲུན་རྒྱུ་དང་སློབ་ཆེན་གྱི་གཞི་རྩའི་ལས་འགན་ནི་མི་སྐྱོང་རྒྱུ་ཡིན་པས་ང་ཚོས་སློབ་མ་ཚོར་སློབ་ཆེན་ལོ་ངོ་བཞིའི་འཚོ་བའི་ཁྲོད་དུ་ཁེ་ཕན་རྒྱ་ཆེན་པོ་རེག་ཏུ་འཇུག་དགོས། སློབ་མ་དང་སྤྱིར་བཏང་གི་ཚོང་མགྲོན་ཆ་མི་མཚུངས་ལ་སློབ་ཆེན་དང་ཁེ་ལས་ཀྱང་རྩ་བ་ནས་མཚུངས་པ་མིན། སློབ་ཆེན་གྱིས་གཤིས་ཀ་དང་འདོད་ཕྱོགས་སྣ་ཚོགས་པའི་དགེ་རྒན་དང་སློབ་མར་ཁ་ཕྱོགས་དགོས་ཤིང་ཁོ་ཚོའི་གསར་གཏོད་ཀྱི་ནུས་པས་སློབ་ཆེན་གྱི་འཕེལ་རྒྱས་གནས་ཚུལ་ཐག་གིས་གཅོད། སློབ་ཆེན་གྱི་དོ་དམ་ལའང་རང་ཉིད་ཀྱི་ཁྱད་ཆོས་ཡོད་དེ། ང་ཚོས་སྲིད་འཛིན་བཀའ་རྒྱར་བརྟེན་ནས་དགེ་སློབ་དག་ལ་བཀོད་འདོམས་གཏོང་མི་རུང་བར། ལམ་ལུགས་དང་རིག་གནས། ཐུན་མོང་གི་རིན་ཐང་འཚོལ་སྙེག་ཁོ་ན་བརྒྱུད་དེ་ཀུན་གྱི་མཉམ་ཚོར་གཅིག་ཏུ་འདྲིལ་ཅིང་མི་སྒེར་གྱི་རིག་གཞུང་འཕེལ་རྒྱས་ཀྱི་ཕུགས་བསམ་དང་སློབ་གྲྭའི་འགན་འཁྲི་མཉམ་གཅིག་ཏུ་དམ་གྱིས་འབྲེལ་བར་སྣེ་འཁྲིད་དགོས། དེ་ལྟ་ནའང་། ང་ཚོས་སྔར་བཞིན་ཁེ་ལས་ཀྱི་ནང་གི་གཏན་ཚིགས་ནས་མགོ་བརྩམས་ཏེ་སློབ་ཆེན་གྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཆོག དཔེར་ན་ཁེ་ལས་ཀྱིས་སྙེག་གིན་པ་ཁེ་སྤོགས་ཡིན་ཞིང་སློབ་ཆེན་གྱིས་སྙེག་གིན་པ་རིག་གཞུང་དང་སྤྱི་ཚོགས་ཀྱི་ཤན་སྟོབས་ཡིན་ལ། ཕྱིར་གཏོང་གིན་པ་མཐར་ཕྱིན་སློབ་མ་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཡིན། སློབ་ཆེན་གྱིས་སློབ་གྲྭའི་སྲོག་ཤིང་འགན་འཁྲི་དང་འོས་འགན་གནད་དུ་བསྡུས་ནས་མི་དོན་དོ་དམ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དང་། རིག་གཞུང་གི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཏེ་འཇོན་མི་གསོ་སྐྱོང་གི་སྤུས་ཀ་མཐོར་འདེགས་དང་ཚད་མཐོ་བའི་རིག་གཞུང་ཞིབ་འཇུག་སྤེལ་དགོས།

ང་ཚོས་སློབ་ཆེན་ཞིག་ལ་རྒྱུས་ལོན་བྱེད་བསམ་དུས་ཐོག་མར་མཐོང་བ་ནི་ཕྱིའི་སྣང་འཆར་ཁ་ཤས་ཏེ་སློབ་ཆེན་གྱི་ཤན་སྟོབས་ལྟ་བུ་ཡིན། རྒྱུས་གཏིང་ནས་ལོན་པ་དང་བསྟུན་ཏེ་ང་ཚོས་སློབ་ཆེན་གྱི་རིམ་པ་ཟབ་མོའི་གནས་ཚུལ་མཐོང་ཐུབ། སློབ་ཆེན་གྱི་གཏན་ཚིགས་རི་མོའི་ཁྲོད་གོང་ནས་འོག་གི་བརྒྱུད་རིམ་ནི་ང་ཚོས་སློབ་ཆེན་ལ་ཕྱི་ནས་ནང་དུ་བརྟག་པའི་བརྒྱུད་རིམ་ཡིན། སློབ་ཆེན་གྱི་ཤན་སྟོབས་ཕྱོགས་གཉིས་སུ་མངོན་ཏེ་རིག་གཞུང་གི་ཤན་སྟོབས་དང་སྤྱི་ཚོགས་ཀྱི་ཤན་སྟོབས་ཡིན་ཏེ། སྔ་མ་ནི་གཙོ་ཆེར་སློབ་ཆེན་གྱིས་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་ཚན་རིག ལག་རྩལ་ཕྱོགས་སུ་བཞག་པའི་བྱས་རྗེས་ལས་མཚོན་པ་དང་། ཕྱི་མ་ནི་གཙོ་ཆེར་སློབ་ཆེན་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་ལས་མཚོན་ཡོད། ཤེས་བྱ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་གལ་ཇེ་ཆེ་ནས་ཇེ་ཆེར་འགྲོ་དུས། སློབ་ཆེན་གྱིས་ངེས་པར་དུ་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ལྡན་ནུས་ཤུགས་འཛོམས་པའི་འཇོན་མི་དང་རིག་གཞུང་རམ་འདེགས་འདོན་སྤྲོད་བྱེད་དགོས་ལ། སྤྱི་ཚོགས་འཕེལ་རྒྱས་ལ་ཤན་ཤུགས་ཐེབས་པའི་བསམ་བློ་གསར་པ་དང་གཞུང་ལུགས་གསར་པའང་འབྱུང་དུ་འཇུག་དགོས། དེའི་ཕྱིར། སློབ་ཆེན་གྱི་ཤན་སྟོབས་ནི་སློབ་གྲྭའི་རིག་གཞུང་ཞིབ་འཇུག་ལས་བྱུང་བ་ཡིན་ལ་མཐར་ཕྱིན་སློབ་མ་སློབ་གྲྭའི་སྒོ་ཆེན་ལས་བུད་རྗེས་བཞག་པའི་བྱས་རྗེས་ཀྱང་འདུས་པ་ཡིན། དོན་དུ་སྤྱི་ཚོགས་སྟེང་གི་མི་ཀུན་གྱིས་མཐར་ཕྱིན་སློབ་མའི་གནས་ཚུལ་ལ་དོ་སྣང་བླ་ལྷག་བྱེད་པས། གལ་ཏེ་ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་མཐའ་དག་ཕུལ་དུ་བྱུང་ཞིང་སྤྱི་ཚོགས་སྟེང་དུའང་ལག་རྗེས་ཤིན་ཏུ་གསལ་ན་སློབ་གྲྭའི་ཤན་སྟོབས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་འཕེལ་ངེས། དེའི་ཕྱིར་ང་ཚོའི་མཐར་ཕྱིན་སློབ་མའི་ལག་རྗེས་ནི་སློབ་གྲྭའི་མཚན་སྙན་གྲགས་རྒྱས་བྱེད་ཀྱི་རྒྱུ་རྐྱེན་ཆེས་གལ་འགངས་ཆེ་བ་ཞིག་ཡིན།

ཕུལ་དུ་བྱུང་བའི་སློབ་མ་ཚུལ་ཇི་ལྟར་སྐྱོང་དགོས་སམ། དེ་ནི་སློབ་གྲྭའི་ནང་ཁུལ་གྱི་འཁོར་སྐྱོད་མ་ལག་གི་གནས་ཚུལ་དང་འབྲེལ་ཡོད། འཁོར་སྐྱོད་མ་ལག་ཁྲོད་ཀྱི་གྲུབ་ཆ་སོ་སོའི་བར་དུའང་གཏན་ཚིགས་ཀྱི་འབྲེལ་བ་ལྡན་ཏེ་འོག་རིམ་གྲུབ་ཆ་ནི་སྟེང་རིམ་གྲུབ་ཆའི་འདེགས་རྟེན་ཡིན། དཔེར་ན། སློབ་གྲྭའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ལ་སྟོབས་ལྡན་ནུས་ཤུགས་ལྡན་པའི་རིག་གཞུང་དཔུང་སྡེ་དང་ཚན་རིག་མ་ལག་ལུགས་མཐུན་ཞིག་མཁོ། དགེ་རྒན་གྱི་དཔུང་སྡེ་འཛུགས་པར་མི་དོན་ལམ་སྲོལ་འཐུས་ཚང་དང་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན། སློབ་ཆེན་བཅོས་སྐྱོང་གི་བློ་བཀོད་སོགས་མཁོ་བ་ཡིན། སློབ་ཆེན་གྱི་གཏན་ཚིགས་རི་མོ་འདི་ནི་གནད་འདུས་གསལ་ཐག་ཆོད་པ་ཞིག་ཡིན་ཏེ་སློབ་ཆེན་ལ་ཤན་ཤུགས་ཐེབས་པའི་རྒྱུ་རྐྱེན་ཡོད་ཚད་ལ་ཁྱབ་ཡོད་པ་ཞིག་མིན་ཡང་། གལ་འགངས་ཆེ་བའི་རྒྱུ་རྐྱེན་ཀུན་ལ་བསམ་བློ་འཁོར་ཡོད་པ་ཞིག་ཡིན།

སློབ་ཆེན་གྱི་སྲོག་ཤིང་འགན་འཁྲི།

སློབ་ཆེན་གྱི་ནང་གི་གཏན་ཚིགས་ལ་རྒྱུས་ལེན་པ་ནི་སློབ་གྲྭ་འཕེལ་རྒྱས་ཀྱི་གོ་རིམ་ཁོང་དུ་ཆུད་པ་ལ་གལ་ཆེ། འཇོན་མི་སྐྱོང་རྒྱུ་ནི་སློབ་གྲྭའི་སྲོག་ཤིང་དུ་གྱུར་པའི་འགན་འཁྲི་ཡིན། དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་སློབ་ཆེན་ལ་བཏོན་པའི་གཞི་རྩའི་བླང་བྱ་ཡིན་པར་མ་ཟད་སློབ་ཆེན་གྱི་རྒྱུན་རིང་བའི་མཚན་སྙན་གྲགས་ཀྱི་འབྱུང་ཁུངས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡང་དང་བསྐྱར་དུ་ནན་གྱིས་བསྟན་དོན“འཇོན་མི་རྩེ་གྲ་གསོ་སྐྱོང་ཐུབ་པའི་མཐོ་སློབ་ནི་འཛམ་གླིང་གི་སློབ་ཆེན་རྩེ་གྲར་ཆགས་ཐུབ།” ང་ཚོས་འདི་ལྟར་ཆ་འཇོག་བྱས་ཆོག་སྟེ། གལ་ཏེ་ང་ཚོའི་འཇོན་མིའི་སྤུས་ཀ་དམའ་ཚེ་རྒྱལ་ཁབ་ཀྱི་མ་འོངས་པའི་འགྲན་རྩོད་ནུས་ཤུགས་ལ་མཐོར་འདེགས་གཟེངས་སུ་ཐོན་པ་ཞིག་འབྱུང་དཀའ་ལ་ང་ཚོས་ཀྱང་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཞེས་གླེང་བར་དཀའ།

སློབ་ཆེན་ལ་ཆ་མཚོན་ན་རིག་གཞུང་ཞིབ་འཇུག་ནི་རྩ་འགངས་ཆེ་བ་ཡིན། འདི་ནི་ཕྱོགས་གཉིས་ནས་བལྟ་དགོས་ཏེ་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་ཀྱིས་སློབ་ཆེན་གྱི་རིག་གཞུང་ཤན་སྟོབས་དང་རིག་གཞུང་སྙན་གྲགས་ཐག་གཅོད་ཅིང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པའང་ཐག་གཅོད། དེ་དང་ཆབས་ཅིག སློབ་ཆེན་གྱི་རིག་གཞུང་ཞིབ་འཇུག་ནི་འཇོན་མི་གསོ་སྐྱོང་གི་རྨང་གཞི་ཡིན་ལ། ཚད་མཐོ་བའི་རིག་གཞུང་ཞིབ་འཇུག་གི་ཆ་རྐྱེན་དང་རིག་གཞུང་སྣང་ཚུལ་ལེགས་པོ་བསྐྲུན་པ་ནི་ཚད་མཐོ་བའི་རིག་གཞུང་དཔུང་སྡེ་ཆགས་པའི་འགན་སྲུང་ཡིན་པས། དེ་ནི་གསར་གཏོད་ཀྱི་ནུས་པས་ཕྱུག་པའི་ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་པར་གལ་འགངས་ཤིན་ཏུ་ཆེ།

སློབ་ཆེན་གྱི་གཏན་ཚིགས་ལས་ང་ཚོར་འདི་ལྟར་བརྗོད་འདུག འཇོན་མིའི་གསོ་སྐྱོང་ནི་སློབ་གྲྭའི་ཕྱོགས་སོ་སོར་འབྲེལ་ཡོད་དེ། གསོ་སྐྱོང་ཇུས་གཞི་དང་སློབ་ཁྲིད་འཆར་གཞིར་འབྲེལ་བར་མ་ཟད་དགེ་རྒན་གྱི་དཔུང་སྡེ་དང་ཞབས་ཞུའི་འདེགས་སྐྱོར། སྒྲིག་སྲོལ་ལམ་སྲོལ། ཐོན་ཁུངས་བཀོད་སྒྲིག་སོགས་ཕྱོགས་སོ་སོར་འབྲེལ་ཡོད། དེའི་ཕྱིར་ང་ཚོས་སློབ་ཁྲིད་བཅོས་བསྒྱུར་བྱེད་པར་སློབ་ཁྲིད་བྱ་བ་རང་སྟེང་ཁོ་ནར་དོ་སྣང་མི་བྱེད་པར་རྙོག་འཛིང་ཆེ་བའི་མ་ལག་གི་ལས་གཞི་ཞིག་ཏུ་མཐོང་ནས་སློབ་གྲྭའི་སྟོབས་ཤུགས་ཧྲིལ་པོ་གཅིག་བསྡུས་དང་སློབ་གསོའི་བཅོས་བསྒྱུར་གྱིས་སྣ་ཁྲིད་དེ་ཁྱབ་ཁོངས་སོ་སོའི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཉེ་ལམ་སྤེལ་བའི་དངོས་གཞི་སློབ་གསོའི་བཅོས་བསྒྱུར་ཁྲོད་ང་ཚོས་སྒྲིག་སྲོལ་ལམ་སྲོལ་དང་ཐོན་ཁུངས་བཀོད་སྒྲིག་གི་འདེགས་སྐྱོར་བྱེད་ནུས་ལ་དོ་སྣང་སྔར་ལས་ལྷག་པ་བྱས། དཔེར་ན། རིག་གནས་ཚན་ཁག་ནང་ཁུལ་དུ་རང་མོས་ཀྱིས་ཆེད་ལས་བརྗེ་བསོར་ཆོག་པ་དང་སློབ་གྲྭ་ཧྲིལ་པོའི་ཁྱབ་ཁོངས་ནས་སློབ་ཁྲིད་རང་མོས་ཀྱིས་གདམ་ཆོག་པ། སློབ་གླིང་གི་དབྱེ་མཚམས་བརྟོལ་ཏེ་སློབ་གླིང་དང་དགེ་རྒན་གྱི་སློབ་ཁྲིད་བཅོས་བསྒྱུར་གྱི་བརྩོན་སེམས་ལ་སྐུལ་འདེད་བཏང་ནས་སློབ་ཁྲིད་བཅོས་བསྒྱུར་ལ་ངེས་པ་དོན་གྱི་ཕན་འབྲས་མཐོང་དུ་བཅུག

ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་དོ་དམ་ཁྲོད། ཡོངས་ཁྱབ་དང་འགྲན་རྩོད་ཆེ་བའི་གནད་དོན་ཞིག་ཡོད་པ་ནི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་འབྲེལ་བ་ཇི་ལྟར་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཡིན། འདས་པའི་ལོ་ཉི་ཤུའི་ནང་ཀྲུང་གོའི་སློབ་ཆེན་གྱི་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་འཕར་བ་ཤིན་ཏུ་མགྱོགས་ཤིང་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དང་རིག་གཞུང་དཔྱད་རྩོམ་ལྡབ་བཅུ་ལྷག་འཕར་བ་དང་། ཁྱབ་ཁོངས་མང་པོའི་ཞིབ་འཇུག་ཆ་རྐྱེན་ཡང་ལེགས་འགྱུར་བྱུང་སྟེ་ཁ་ཤས་འཛམ་གླིང་རིམ་པའི་ཆུ་ཚད་ལ་སོན། འོན་ཀྱང་བདེན་པ་བདེན་ཐོག་གིས་བརྗོད་ན་འདས་པའི་ལོ་བཅུ་ལྷག་གི་ནང་ང་ཚོའི་སློབ་གསོའི་མ་དཔེར་འགྱུར་བ་ཆེན་པོ་ཐེབས་མེད་པར་སྔར་བཞིན་སྲོལ་རྒྱུན་དང་ཤེས་བྱ་བརྒྱུད་སྤྲོད་ཁོ་ན་གཙོ་བོ་ཡིན་པའི་སློབ་གསོའི་མ་དཔེར་བརྟེན་ཏེ་སློབ་མའི་མཚར་འཛིན་གྱི་བློ་དང་གསར་གཏོད་ཀྱི་ནུས་སྟོབས་འདོན་སྤེལ་གང་ལེགས་བྱེད་ཐུབ་མེད། ཀྲུང་གོའི་སློབ་ཆེན་གྱི་གནས་ཚུལ་འདིར་སྤྱི་ཚོགས་སྤྱི་དམངས་ཀྱི་དོགས་འདྲི་དང་སྐྱོན་བརྗོད་ཐེབས་ཤིང་། རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་ཆུ་ཚད་སྔར་ལས་ལྷག་པ་ཞིག་ཏུ་འཕེལ་བར་ཚོད་འཛིན་ཡང་ཐེབས།

སློབ་ཆེན་གྱི་གཏན་ཚིགས་མ་ལག་ཁྲོད་སློབ་མ་ནི་ཐོག་མཐའ་བར་གསུམ་དུ་སྲོག་ཤིང་དུ་གནས་ཡོད། སློབ་གྲྭའི་ལས་ཚན་སོ་སོ་སྟེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག དཔུང་སྡེའི་འཛུགས་སྐྲུན། རམ་འདེགས་ཞབས་ཞུ་སོགས་གང་ཡིན་ཡང་མཐའ་དག་སློབ་མ་གསོ་སྐྱོང་གི་ཆེད་དུ་ཡིན། ལྟ་ཚུལ་འདི་ལ་ཀུན་པོ་གཅིག་མཐུན་དུ་མོས་པའང་མིན། དཔེར་ན། ཤེས་ཡོན་པས་རྟག་པར་རང་ཉིད་ཀྱི་རིག་གཞུང་འཕེལ་རྒྱས་གཙོ་ཆེར་འཛིན་ཏེ། དེ་ནི་ཤེས་ཡོན་པའི་ཆེས་གལ་འགངས་ཆེ་བའི་ཁེ་ཕན་གྱི་རེ་བཞག་ཡིན། སློབ་གླིང་སྡེ་ཁག་གིས་སློབ་མའི་སློབ་གསོའི་འཕེལ་རྒྱས་ལ་དོ་སྣང་བྱེད་ཅིང་ཤེས་ཡོན་པའི་རིག་གཞུང་འཕེལ་རྒྱས་ལའང་དོ་སྣང་བྱེད། འོན་ཀྱང་སློབ་གླིང་སྡེ་ཁག་གིས་ཆེད་ལས་རང་སྟེང་གི་ཟུར་ཚད་ནས་གདམ་ཀ་རང་བཞིན་གྱིས་དགེ་རྒན་དང་སློབ་མའི་རེ་བཞག་ལ་རམ་འདེགས་བྱེད་བཞིན་ཡོད། སློབ་ཆེན་གྱི་གཏན་ཚིགས་ལས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་འབྲེལ་བར་རྒྱུས་ལོན་ཐུབ། ཐོག་མར། དགེ་རྒན་གྱིས་སློབ་ཆེན་གྱི་གོ་གནས་གལ་ཆེན་ཞིག་ཟིན་ཡོད་དེ། སློབ་གྲྭའི་འགན་འཁྲི་དང་ལས་འགན་མཐའ་དག་དགེ་རྒན་གྱིས་ཡོངས་འགྲུབ་བྱས་ཡོད། དེའི་ཕྱིར། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ནི་སློབ་ཆེན་འཛུགས་སྐྲུན་གྱི་སྲོག་ཤིང་ཡིན། དེའི་འཕྲོར། “སློབ་མའི་འཕེལ་རྒྱས་ལྟེ་བ་ཡིན་པ”ཡི་ལྟ་གྲུབ་ནི་སློབ་གླིང་སྡེ་ཁག་དང་དགེ་རྒན་གྱི་རང་འདོད་གདམ་ཀ་ཞིག་མིན་པར་ངེས་པར་དུ་ཐོན་ཁུངས་བཀོད་སྒྲིག་དང་བབ་མཚུངས་སྲིད་ཇུས་སོགས་ཀྱི་བྱེད་ཐབས་སྤྱད་དེ་དགེ་རྒན་དང་སློབ་གླིང་སྡེ་ཁག་གི་རིན་ཐང་འཛིན་ཕྱོགས་ཀྱི་སྣེ་འཁྲིད་དགོས། དེའི་ཕྱིར། སློབ་ཁྲིད་བཅོས་བསྒྱུར་ལ་སྐུལ་འདེད་དང་འཇོན་མི་གསོ་སྐྱོང་གི་སྤུས་ཀ་མཐོ་རུ་འདེགས་པ་ནི་སློབ་གྲྭའི་ཆེས་གནད་ཆེ་ཞིང་དཀའ་ངལ་ཆེས་ཆེ་བའི་ལས་འགན་ཡིན། དངོས་གཞི་སློབ་གསོ་བཅོས་བསྒྱུར་གྱི་ཆེས་སྲོག་ཤིང་གི་གནད་དོན་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་འདོད་ཀྱི་སྤྲོ་སྣང་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་ཞིག་གཟུག་རྒྱུ་དེའོ། །

སློབ་ཆེན་ལ་མཁོ་བའི་མཉམ་རོགས།

སློབ་ཆེན་ནི་མི་སྒེར་གྱི་གསར་གཏོད་རང་བཞིན་ལ་བརྟེན་རྐྱང་བྱེད་པའི་རིག་གཞུང་ལས་ཁུངས་ཤིག་ཡིན། ང་ཚོས་སློབ་ཆེན་ནི་སོ་འཁོར་སྒམ་དང་ཆ་འཇོག་བྱས་ཆོག་སྟེ། སོ་འཁོར་སྒམ་ནི་འཁོར་འགྲོས་སྙོམ་སྒྲིག་དང་ཁ་ཕྱོགས་བརྗེ་བསྒྱུར་ལ་སྤྱོད་པ་ཡིན། སྤྱིར་བཏང་གི་སོ་འཁོར་སྒམ་གྱི་སྒུལ་ཤུགས་ནི་སྣེ་གཅིག་ལས་དྲངས་ཏེ་སྣེ་ཅིག་ཤོས་ལས་འབུད་པ་དང་། སྒུལ་བྱེད་འཁོར་ལོ་དང་འཁོར་ཁྲིད་འཁོར་ལོའི་ཁྱད་པར་ཤིན་ཏུ་གསལ། འོན་ཀྱང་སློབ་ཆེན་ནི་དེ་དང་ཆ་མི་མཚུངས་ཏེ་སོ་འཁོར་རེ་རེ་ནི་སྒེར་ཚུགས་ཀྱི་སྒུལ་ཁུངས་རེ་ཡིན་པ་དང་རང་རང་སོ་སོའི་རེ་འདུན་དང་རང་སྟོབས་ནུས་པ་མངའ། གལ་ཏེ་སོ་སོའི་འཁོར་སྐྱོད་ཁ་ཕྱོགས་སོ་སོར་གྱར་བ་ཡིན་ན་སོ་འཁོར་སྒམ་གྱིས་སྒུལ་ཤུགས་གང་ཡང་གཏོང་ཐབས་མེད། གལ་ཏེ་ཀུན་གྱིས་མཐུན་སྦྱོར་གཅིག་གྱུར་དང་ཕན་ཚུན་རམ་འདེགས་བྱས་ན་ཕྱིར་བཏོན་པའི་སྒུལ་ཤུགས་ལྡབ་བཅུ་ཕྲག་གམ་བརྒྱ་ཕྲག་ཏུ་འཕར་བ་ཡིན།

འགྲོ་བ་མི་ནི་སློབ་ཆེན་གྱི་ཆེས་རྩ་ཆེ་བའི་ཐོན་ཁུངས་ཏེ་སློབ་ཆེན་གྱི་བྱ་གཞག་མཐའ་དག་ནི་འགྲོ་བ་མི་དང་འབྲེལ་ཏེ་སྤེལ་གྱིན་ཡོད། ཕུལ་དུ་བྱུང་བའི་སློབ་ཆེན་ཞིག་ཏུ་འགྱུར་དགོས་ན་དགེ་རྒན་དང་སློབ་མ་ཕུལ་དུ་བྱུང་བ་ངེས་པར་དུ་མཁོ་ཞིང་ཁོར་ཡུག་དང་སྣང་ཚུལ་ལེགས་པོའང་ངེས་པར་དུ་མཁོ། དེས་མི་རྣམས་ཀྱི་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཐུབ། ཕུལ་དུ་བྱུང་བའི་མི་ནི་གཞན་དང་མི་མཐུན་པ་ཞིག་ཡིན་ཏེ། སེམས་རྩེ་གཅིག་ཏུ་ཚུགས་པ་དང་། ཡིད་གཙང་ཞིང་ཧམ་པ་མི་གཉེར་བ། བློ་གསལ་ཞིང་རིག་པ་གྲིམ་པ། གཏམ་ལ་མཁས་ཤིང་ཤན་འབྱེད་མཁས་པ། མུན་ནག་སྲོལ་ངན་ལ་སྡང་སྡིགས་འཛིན་པ། རྒྱལ་ཕམ་རྩོད་ལ་དགའ་བ། སྲོལ་སྲུང་ཞིང་དཀྱུས་མར་གནས་པ་སོགས་རིགས་སྣ་ཚོགས་ཡོད། མིའི་གཤིས་ཀ་དང་སྤྱོད་པ་ཕྲན་ཚེགས་ཀྱི་རིགས་ནི་ང་ཚོས་དཀྱེལ་ཡངས་བསྒོམ་འོས་ལ། རིག་གཞུང་ལྟ་ཚུལ་མི་མཐུན་པར་རིག་གཞུང་གི་ཚད་ཤིང་ལ་བརྟེན་ནས་མཐའ་དཔྱོད་བྱེད་དགོས། ཡིན་ན་ཡང་དགེ་རྒན་གྱི་སྤྱོད་ལམ་བྱ་བྱེད་དང་སློབ་གྲྭའི་སློབ་སྒྲུབ་ཁ་ཕྱོགས་སོགས་དོན་ཆེན་གྱི་རིགས་ལ་ང་ཚོས་ངེས་པར་དུ་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཕུལ་དུ་བྱུང་བའི་སློབ་ཆེན་གྱི་ཟིལ་ཤུགས་ནི་ལྷོད་ཡངས་ཀྱི་སྣང་ཚུལ་དང་ལུགས་མཐུན་གྱི་ལམ་ལུགས་རིག་གནས་ཀྱི་སྟེང་དུ་གནས། དེས་མི་སྣ་ཚོགས་པའི་ནང་སེམས་ཀྱི་གསར་གཏོད་བག་ནུས་གང་ལེགས་སུ་འདོན་ཐུབ་པ་དང་། ཐུན་མོང་གི་རིན་ཐང་ལྟ་བའི་ཁྲིད་སྟོན་འོག་ཀུན་པོ་འཆམ་མཐུན་མཉམ་གནས་དང་གང་ནུས་ལེགས་སྤེལ་བྱེད་ཐུབ་ལ། སློབ་གྲྭའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་སྟོབས་འབྱོར་རྒྱས་པར་ཡང་མཉམ་དུ་ཞབས་ཞུ་བསྒྲུབ་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་ཆེན་གྱི་ཁྱད་རྟགས་འདི་ལྟར་གསུངས་མྱོང་སྟེ། “བསམ་བློ་ཧུར་པོ་ནི་མཐོ་སློབ་ཀྱི་ཁྱད་རྟགས་གལ་འགངས་ཆེ་བ་ཞིག་ཡིན་ཏེ། བསམ་བློའི་ལྟ་ཚུལ་སྣ་ཚོགས་འདི་རུ་འདུས་ཤིང་རིན་ཐང་ལྟ་བ་སྣ་ཚོགས་ཀྱང་འདི་རུ་འཕྲད་ཀྱིན་ཡོད། ‘ཐའེ་ཧྲན་བརྗིད་ཆགས་ཉམས་དགའ་བ། །ས་རྒྱུ་མ་བསགས་ཆེ་བ་མེད། །གཙང་ཆུ་གཏིང་ཟབ་རྒྱུན་རིང་བ། །ཆུ་སྣ་མ་བསྡུས་གྲུབ་པ་མེད། །’ང་ཚོས་ཧེ་བག་ལ་ཆེ་མཐོང་དང་སྣེ་མང་ལ་བློ་ཁོག་བསྐྱེད་པའི་འགན་གཙོ་ཁུར་ནས། སྣ་མང་པོའི་ཁྲོད་ནས་གཙོ་བོ་འདོན་པ་དང་ཐུན་མོང་གི་ངོས་ཟིན་རྙེད་པ། འགྱུར་བ་མང་པོའི་ཁྲོད་ནས་ཁ་ཕྱོགས་གཏན་འཁེལ་བྱེད་དགོས། ཕན་ནུས་ལྡན་པའི་བསམ་བློ་རིག་གནས་ཀྱི་ཆུ་ཕྲན་སོ་སོ་གཙོ་རྒྱུན་འདུ་ཤེས་འཛིན་སྟངས་ཀྱི་མཐའ་ཡས་རྒྱ་མཚོའི་ཀློང་དུ་འདྲེན་དགོས།”

ཀྲུང་གོའི་སློབ་ཆེན་གྱི་འཕེལ་རྒྱས་དང་དར་རྒྱས་ལ་ཉེ་བའི་ལོ་བཅུ་ལྷག་གི་ཡུན་ལས་མེད། ང་ཚོའི་བཅོས་སྐྱོང་མ་ལག་སྔར་བཞིན་འཐུས་མི་ཚང་བ་དང་སློབ་ཆེན་འཕེལ་རྒྱས་གཏོང་སྟངས་ལ་ཀུན་པོར་མཉམ་རྟོགས་རྒྱ་ཁྱབ་ཅིག་བྱུང་མེད། སློབ་ཆེན་གྱི་དོ་དམ་པ་ཡིན་པའི་ཆ་ནས་ང་ཚོས་ཉིན་བཞིན་དུ་དོན་བྱ་སྣ་མང་ཐག་གིས་གཅོད་དགོས་ཏེ། འགའ་ཞིག་ནི་ཉིན་རྒྱུན་གྱི་དོན་བྱ་དང་འགའ་ཞིག་ནི་གློ་བུར་གྱི་དོན་རྐྱེན་ཡིན། དུས་ཚོད་གང་མང་ཞིག་དེ་དག་གིས་ཟིན་ཡོད། ཨ་རིའི་སློབ་གྲྭ་ཆེན་མོ་ཞིག་གི་སློབ་གཙོ་ཞིག་གིས་སློབ་ཆེན་གྱི་སློབ་གཙོས་མ་མཐའ་ཡང་དུས་ཚོད་བརྒྱ་ཆའི་ཉི་ཤུ་སྤྱད་དེ་ཕུགས་རྒྱང་རིང་བའི་དོན་དག་ལ་བསམ་གཞིག་དང་ཕུགས་རྒྱང་རིང་བའི་དོན་ཐག་གཅོད་བྱེད་དགོས་ཞེས་བཤད་མྱོང་། ཀྲུང་གོའི་སློབ་ཆེན་གྱི་སྒྲིག་ལུགས་རང་བཞིན་གྱི་གནད་དོན་སྔར་བཞིན་མང་བ་དང་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་སྔར་ལས་ལྕི་བས། ང་ཚོས་དུས་ཚོད་སྔར་ལས་མང་བ་སྤྱད་དེ་སློབ་སྒྲུབ་ཆོས་ཉིད་དང་སློབ་ཆེན་གྱི་ནང་གི་གཏན་ཚིགས་ལ་ཞིབ་འཇུག་ནན་ཏན་བྱས་ན། གཞི་ནས་དཀའ་ཉོག་གི་ཁྲོད་ནས་ཁ་ཕྱོགས་རྙེད་པ་དང་ཧེ་བག་གི་ཁྲོད་ནས་ཐུན་མོང་གི་ངོས་ཟིན་ཆགས་པ། ལས་འགན་སྣ་མང་གི་ཁྲོད་ནས་དོ་སྙོམས་ཡོང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།