ཀྲུང་གོ་བོད་ཀྱི་དྲ་བ།

ཐོབ་གོ་ས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མོ་འཚོས་བསྒྱུར།   སྤེལ་དུས། : 2018-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨོའུ་ཧེང་ལིས་བརྩམས།   མཁའ་མོ་འཚོས་བསྒྱུར།

ས་སྲོས་སུ། ལུས་ལ་ལྭ་བ་སྐྱ་མདོག་གྱོན་པའི་བུ་མོ་དེ་སླར་ཡང་སྤྱི་གླིང་ཆུང་བའི་གྲུ་ཟུར་དབེན་ས་དེར་ཡོང་ནས།  རྐུབ་བཀྱགས་རིང་པོ་ཞིག་ཏུ་ཙོག་སྟེ་དཔེ་ཆ་ཀློག་མགོ་བརྩམས།  ཕར་བལྟས་ཚོད་ཀྱིས་མོའི་སྐྱེ་འབྲས་ཤིན་ཏུ་མཚར་ནའང་གོན་པ་སྤྱིར་བཏང་ཞིག་ཡིན། གསར་བུ་དེས་ཉིན་འདི་འགར་ཁོ་མོ་རྒྱུན་པར་དེ་བཞིན་ཡིན་པ་རྟོགས་ཡོད།     

གསར་བུ་དེ་གོམས་འགྲོས་དལ་མོས་ཁོ་མོའི་གམ་དུ་སོང་པའི་ཚེ་ན་མོའི་བསྣམས་པའི་དཔེ་ཆ་ཏག་ཏག་སར་ལྷུང་།  གསར་བུས་གླགས་དེ་དང་བསྟུན་མྱུར་མོར་དཔེ་ཆ་ཡར་བླངས་ཏེ་གུས་པའི་ཚུལ་གྱིས་མོར་བྱིན། འཚམས་འདྲིའི་ཚིག་འགའ་བརྗོད་འཕྲལ་ཁོ་མོའི་ལོགས་སུ་ངག་བསྡམས་ནས་ཀེར་རེར་འགྲེང་ནས་བསྡད། 

མོས་གསར་བུ་དེར་མིག་ཞགས་ཤིག་འཕངས་པ་ན། ལུས་ལ་ལྭ་བ་བབ་ཆགས་ཤིང་ཀུན་གྱི་ཡིད་དབང་འདྲེན་མི་ནུས་པའི་ངོ་གདོང་ཞིག་ཡོད།

 “གལ་ཏེ་ཁྱོད་ཀྱིས་འཛེམ་དོགས་མི་བྱེད་ཚེ་འདིར་སྡོད་དང་།  ད་ནི་གློག་འོད་མི་གསལ་པས་དཔེ་ཆ་ལྟ་ཐབས་མི་འདུག  ངེད་གཉིས་ཀྱིས་ཁ་བརྡ་ཅུང་ཙམ་བྱས་ཆོག”

 གསར་བུ་དེས“ཁྱོད་ཀྱིས་ཤེས་སམ། ཁྱོད་ནི་ངས་མཐོང་མྱོང་བའི་ཁྲོད་ཆེས་མཛེས་སྡུག་ལྡན་པའི་བུ་མོ་དེ་ཡིན། ངས་ཁ་སང་ཁྱོད་ཉིད་མཐོང་བྱུང་།”ཞེས་ཟེར། 

“ཁྱོད་སུ་ཡིན་རུང་།  ངས་སློབ་གསོ་བཟང་པོ་མྱངས་ཡོད་པ་དེ་ཡིད་ལ་བརྣགས་པར་གྱིས།”ཞེས་བུ་མོ་དེས་སྒམ་བརླིང་གིས་བཤད། 

གསར་བུ་དེས “དགོངས་པ་མ་ཚོམ། ཚང་མ་ང་ལན་པ་རེད།  ངས་ཁྱོད་ལ་གུས་མེད་བྱས་སོང་།  ངའི་དོན་ནི་སྤྱི་གླིང་ལ་ཡོང་བའི་བུ་མོ་ཧ་ཅང་མང་མོད།  ཁྱོད་ཀྱིས་ཤེས་སམ།  མིན།  ཁྱོད་ཀྱིས་ཤེས་མི་ནུས།  འོན་ཀྱང……” 

 “ངས་ལོས་ཤེས།  ད་ནི་གཏམ་གྱི་རྟ་ཁ་གཞན་ཞིག་ལ་སྐོར་དང་། ཕར་འགྲོ་ཚུར་འོང་གི་ཡུལ་སྐོར་པ་འདི་དག་གླེང་ཡ།  ཁོ་ཚོ་ནི་གནས་གང་ཞིག་ཏུ་འགྲོ་དགོས་སམ།  ཅིའི་ཕྱིར་འདི་འདྲའི་བྲེལ་འཚབ་ཆེ་བ་རེད།  ཁོ་ཚོར་སྤྲོ་སྐྱིད་ལྡན་ནམ།” གསར་བུ་དེ་ཅུང་ཙམ་མགོ་འཐོམ་པར་གྱུར་ཏེ། དོན་ངོ་མ་རང་ཉིད་ནི་མི་སྣ་གང་འདྲ་ཞིག་འཁྲབ་དགོས་པའང་མ་ཤེས་པར་གྱུར།  

བུ་མོ་དེས“ང་རྒྱུན་ཏུ་འདིར་ཡོང་དོན་གནས་འདིའི་ཡུལ་སྐོར་པ་དག་དང་ཉེ་བར་བཅར་ནས་འབྲེལ་འདྲིས་བྱེད་བསམ་པ་ཡིན་ལ།  ཁྱོད་དང་མཉམ་དུ་ཁ་བརྡ་བྱེད་དོན་ཡང་།  ངས་གཤིས་རྒྱུད་བཟང་ཞིང་རྒྱུ་ལོངས་སྤྱོད་ལ་མི་དགའ་པའི་མི་ཞིག་བཙལ་ཏེ་ཁ་བརྡ་བྱེད་འདོད་པ་ཡིན། ཁྱོད་ཀྱིས་ཤེས་མི་སྲིད།  ང་རང་རྒྱུ་ལོངས་སྤྱོད་ལ་ཞེ་མེར་ཞིང་།  མཐའ་བསྐོར་གྱི་ཕྱུག་བདག་དེ་དག་ལའང་ཞེན་པ་ལོག   ང་ནི་མུ་ཏིག་དང་རྡོ་རྗེ་ཕ་ལམ་སོགས་རིན་པོ་ཆེའི་རིགས་ལ་སྤྲོ་བ་མེད་པ་མ་ཟད།  རི་ཆུའི་མཛེས་ལྗོངས་སོགས་ལ་ཡུལ་སྐོར་བྱེད་པའང་དགའ་བོ་མེད།”ཞེས་ཟེར།  

གསར་བུ་དེས“ཡིན་ནའང་ངས་རྟག་པར་རྒྱུ་ལོངས་སྤྱོད་ནི་དངོས་པོ་ལེགས་པོ་ཞིག་རེད་སྙམ་བཞིན་ཡོད།”ཅེས་བཤད།  

“གལ་ཏེ་ཁྱོད་ལ་རྒྱུ་ནོར་གྱ་ནོམ་པ་ཞིག་ཐོབ་ཚེ།  ཁྱོད་རང་ནམ་རྒྱུན་སྤྲོ་འཆམ་དུ་ཆས་པ་དང་ཟློས་གར་ལ་བལྟ་བ།  བྲོ་འཁྲབ་པ།  གསོལ་སྟོན་ལ་འགྲོ་བ་ཙམ་ཡིན་པས།  ངས་དེ་འདྲའི་འཚོ་བ་ཡེ་ནས་རོལ་འདོད་མེད།  ”

གསར་བུ་དེ་དགོད་ཁ་ཤོར་ཏེ“ང་རང་ཁྱོད་ཚོ་ཕྱུག་པོ་དག་གི་འཚོ་བར་ཞིབ་འཇུག་དང་རྩད་གཅོད་བྱེད་པར་ཧ་ཅང་མོས།”ཞེས་བཤད། 

 “མཚམས་རེར།”བུ་མོ་དེས་མུ་མཐུད་དུ་བཤད་རྒྱུར“ངའི་སེམས་སུ་གལ་ཏེ་ང་རང་མཛའ་གྲོགས་བསྒྲིག་ཚེ་མི་ཕལ་བ་ཞིག་དང་བསྒྲིག་འདོད།  རེད་ཡ།  ཁྱོད་ཀྱིས་ལས་ཅི་ཞིག་གཉེར་བཞིན་ཡོད།”

 “ང་ནི་མི་ཧ་ཅང་ཕལ་བ་ཞིག་ཡིན།  ཡིན་ནའང་ངས་རང་ཉིད་ལ་མགོ་འཕང་མཐོ་རུ་འདོགས་ཆོག་པའི་དུས་ཤིག་ཡོད་པར་སྨོན།  ཁྱོད་ཀྱིས་བཤད་པ་ངོ་མ་ཡིན་ནམ།  ཁྱོད་རང་ངོ་མ་མི་ཕལ་བ་ཞིག་ལ་དགའ་སྲིད་དམ།”

 “དེ་ལོས་ཡིན།”ཞེས་མོས་ལན་ལྡོན།  

གསར་བུ་དེས“ངས་ཟ་ཁང་ཆུང་ཆུང་ཞིག་ཏུ་ལས་ཀ་གཉེར་བཞིན་ཡོད།”ཞེས་བཤད། 

 “རྒྱུག་གཡོག་ཅིག་ཡིན་ནམ།” 

 “དེ་ལྟར་བཤད་ཀྱང་མི་ཆོག་པ་མེད།” 

བུ་མོ་དེས་དུས་ཚོད་ལ་ཐེངས་འགའ་བལྟས་རྗེས།  ཡར་ལངས་ཏེ“ཁྱོད་རང་ལས་ཀ་ལས་སུ་འགྲོ་མི་དགོས་སམ།”ཞེས་སྨྲས།

 “ལས་ཚོགས་འགྲོ་བར་ད་དུང་ཆུ་ཚོད་གཅིག་འདུག  ངེད་གཉིས།  ངེད་གཉིས་རྗེས་སོར་ངོ་འཕྲད་སྲིད་དམ།” 

“ངས་མི་ཤེས།  ད་ནི་ང་རང་འགྲོ་རན་སོང་།  དགོང་མོར་ང་རང་གསོལ་སྟོན་དང་གླུ་དབྱངས་སྤྲོ་ཚོགས་ཞིག་ལའང་ཆས་དགོས།  ཁ་ལོ་བས་ང་ལ་སྒུག་འདུག”ཞེས་བཤད་ཞོར་དུ་མོས་སྤྱི་གླིང་གི་སྒོ་ཁའི་འཇེམ་འཁོར་དཀར་པོ་ཆུང་བ་དེ་བསྟན་ཏེ“གན་ངའི་རླངས་འཁོར་ཡིན།”ཞེས་བཤད།

  “ངས་མཐོང་བྱུང་།” གསར་བུ་དེས་ཡིད་སྨོན་དང་བཅས་བཤད། 

“བདེ་མོ་བྱོས།” 

“ས་རུབ་འདུག་པས་དེ་འདྲའི་བདེ་འཇགས་མི་འདུག  ཡང་མིན་ན། ངས་ཁྱོད་རང་བསྐྱལ་དགོས་སམ།”

 “བཀའ་དྲིན་ཆེ།  ང་བསྐྱལ་མི་དགོས། ཁྱོད་ད་དུང་དེར་ཅུང་ཙམ་སྡོད་ཅིག”ཞེས་བཤད་འཕྲལ།  བུ་མོ་དེ་གོམ་ཁ་ཆེན་པོས་སྤྱི་གླིང་གི་ཕྱོགས་སུ་ཕྱིན་ཞིང་།  གསར་བུ་དེས་ཀྱང་བུ་མོ་དེའི་རྒྱབ་གཟིགས་ལ་ལྟ་བཞིན་དལ་བ་དལ་བུར་མོའི་རྗེས་སྙེག་ནས་སོང་།

སྤྱི་གླིང་གི་སྒོ་ཁར་སླེབས་པ་ན།  བུ་མོ་དེ་རླངས་འཁོར་དེའི་གམ་ནས་གྱེས་ཏེ་གཞུང་ལམ་བརྒལ་ཞིང་ཟ་ཁང་ཆུང་ཆུང་ཞིག་གི་ནང་དུ་འཛུལ།  བྱང་བུ་བཀོལ་རྗེས་མྱུར་མོར་ཞབས་ཞུ་བའི་ལྭ་བ་བརྗེ་ནས་ལས་ཀའི་འགོ་བརྩམས།  

གསར་བུ་དེ་རྒྱ་སྲང་ནས་ལེ་ལོའི་འགྲོས་ཀྱིས་ཡུད་ཙམ་སོང་རྗེས།  ཤར་རེར་འཇེམ་འཁོར་དཀར་པོ་ཆུང་བ་དེའི་གམ་དུ་སོང་སྟེ་ནང་དུ་འཛུལ།  ཁ་ལོ་བར“ཧེང་ལི།  མཚན་མོའི་རོལ་རྩེད་ཁང་དུ་འགྲོ”ཞེས་བཤད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།