འཁོར་བ།

      ཐང་པོ་ཆིང་གིས་བརྩམས།   མཁའ་མོ་འཚོས་བསྒྱུར།

   ཆུང་དུས།  ངས་རྨི་ལམ་དུའང་རང་ཉིད་ལ་རྩེད་ཆས་རྐང་གསུམ་མ་ཞིག་ཡོད་ན་ཅི་མ་རུང་སྙམ། ཨ་ཕ་འུ་ཐུག་ནས་བཤད་རྒྱུར། ངེད་ཚང་དབུལ་པོ་ཡིན་པས་དངོས་པོ་འདི་ཉོ་ཐུབ་བྲལ་ཟེར།

   ང་རང་ལོ་ན་བདུན་ལ་སོན་པའི་སྐྱེས་སྐར་གྱི་ཉིན་དེར། ཨ་ཕས་ངའི་ལེགས་སྐྱེས་ལ་རྩེད་ཆས་རྐང་གསུམ་མ་ཞིག་བྱིན། ཡིད་ཕངས་པ་ཞིག་ལ་དེ་ནི་ཤིང་གིས་བཟོས་པའི་རྐང་གསུམ་འཁོར་ལོ་ཞིག་ཡིན་ལ། ཨ་ཕས་ཤིང་བཟོ་ཞིག་གླས་ནས་ལས་སུ་བཅུག་པ་རེད། འཁོར་ལོ་འདི་བཙོག་པོ་ཞིག་ཡིན་རུང་ང་རང་དགའ་སྤྲོས་བརྟས་ཤིང་ཡིད་ཚིམ་དུ་བཅུག

   སྐྱེས་སྐར་གྱི་ཉིན་དེར། ངས་ཉིན་ཧྲིལ་བོར་ངལ་མ་གསོས་པར། ཤིང་གིས་བཟོས་པའི་རྐང་གསུམ་འཁོར་ལོ་དེར་ཞོན་ནས་གཡུལ་ཁའི་ནང་སོང་སྟེ་བསྐོར་བ་ཡང་དང་བསྐྱར་དུ་བརྒྱབ། ངས་སྔོན་ལ་འཁོར་ལོ་བསྐོར་ནས་རྒྱུགས་པ་ན། ཨ་ཕས་ང་ལ་རྐྱེན་ངན་ཞིག་འབྱུང་བར་དོགས་ནས་ཁོ་ཡང་ངའི་རྗེས་དེད་དེ་རྒྱུགས། ངས་སྐོར་བ་བཅུ་བརྒྱབ་པ་ན་ཨ་ཕས་ཀྱང་སྐོར་བ་བཅུ་རྒྱབ་ལ། ངས་སྐོར་བ་བརྒྱ་བརྒྱབ་ན་ཨ་ཕས་ཀྱང་སྐོར་བ་བརྒྱ་རྒྱག

      དུས་ཚོད་ནི་སྐད་ཅིག་ཙམ་ཡིན་ལ། ང་རང་ན་སོ་རིམ་གྱིས་འཕེལ་བ་དང་ཕ་རྒན་རྒ་བའི་ཁུར་གྱིས་ནོན།

    ན་ནིང་།  ཨ་ཕས་རེ་སྒུག་ངང་བཤད་རྒྱུར། ངས་རྐང་གསུམ་གློག་འཁོར་མ་ཞིག་ཉོ་འདོད་ཟེར། ངས་ཨ་ཕ་ལ་ཁྱེད་རང་ས་ལ་འགྱེལ་ནས་རྐང་ལག་ལ་རྨས་སྐྱོན་ཕོག་ཚེ་ཅི་བྱ། ངས་བལྟས་ན་ཁྱེད་ཀྱིས་མ་ཉོས་ན་བཟང་། དངོས་པོ་དེར་ཉེན་ཁ་ཆེ་ཞེས་བཤད། དེ་ནས་ཨ་ཕ་ཁ་རོག་གེར་བསྡད་འདུག དོན་དག་ཡོད་མེད་གང་ཡིན་རུང་ཨ་ཕས་ནམ་རྒྱུན་ཁྱིམ་མཚེས་སྤོ་བོ་ཀྲའོ་ཡི་རྐང་གསུམ་ལ་ཧད་ནས་འདུག་ལ།  ཐ་ན་ཁ་རོག་གེར་རྐང་གསུམ་གྱི་མདུན་དུ་བཅར་ཏེ་ལག་གཡས་པས་འགོག་སྒོ་ལ་བྱིལ་བྱིལ་བྱེད་པ་དང་ལག་གཡོན་པས་འགག་ཟྭ་ལ་བྱིལ་བྱིལ་བྱེད།

   ད་ལོ། ཨ་ཕ་ལོ་ན་བདུན་ཅུ་ལོན་པའི་སྐྱེས་སྐར་གྱི་ཉིན་དེར། ངས་ཨ་ཕ་ལ་རྐང་གསུམ་གློག་འཁོར་མ་ཞིག་ལེགས་སྐྱེས་ལ་བྱིན། ཨ་ཕ་དགའ་དྲགས་ནས་བཟང་གི་ཟེར་བ་ལས་ཅི་ཡང་མ་བཤད།

  སྐྱེས་སྐར་གྱི་ཉིན་དེར། ཨ་ཕས་ཉིན་ཧྲིལ་བོར་ངལ་མ་གསོས་པར་རྐང་གསུམ་གློག་འཁོར་མ་དེར་ཞོན་ནས་གཡུལ་ཁའི་ནང་སོང་སྟེ་སྐོར་བ་བརྒྱབ། ཨ་ཕས་སྔོན་ལ་རྐང་གསུམ་བསྐོར་ནས་རྒྱུགས་པ་ན། ངས་ཨ་ཕ་ལ་རྐྱེན་ངན་ཞིག་འབྱུང་བར་དོགས་ནས་ང་ཡང་ཁོའི་རྗེས་དེད་དེ་རྒྱུགས། ཨ་ཕས་སྐོར་བ་བཅུ་བརྒྱབ་ན་ངས་ཀྱང་སྐོར་བ་བཅུ་རྒྱག་ལ། ཨ་ཕས་སྐོར་བ་བརྒྱ་བརྒྱབ་ན་ངས་ཀྱང་སྐོར་བ་བརྒྱ་བརྒྱབ།

རྩོམ་སྒྲིག་པ། རམས་ཚེ་བྷོ།

དཔྱད་མཆན 0 ཡོད།