དགེ་རྒན་གྱི་མཆོག་གྱུར་ཀུན་སྤྱོད་དར་སྤེལ་བཏང་སྟེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས།

དགེ་རྒན་དུས་ཆེན་ཐེངས་སོ་བཞི་པ་འཚོགས་པའི་སྔ་ཉིན་དགོང་མོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ལས་ཐོན་པའི་ཕུལ་བྱུང་དགེ་རྒན་དང་སློབ་གསོའི་ལས་དོན་སྒྲུབ་མཁན་ལ་གཟེངས་བསྟོད་གཟབ་རྒྱས་གནང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་སྒྲུབ་མཁན་གྱི་འགན་འཁྲིའི་བསམ་པ་དང་། ལས་འགན་གྱི་བསམ་པ། གཟི་བརྗིད་ལྡན་པའི་བསམ་པ་བཅས་ཤུགས་ཆེར་གཏོང་བར་སྐུལ་སློང་བགྱིས།

དུས་རབས་གསར་པས་དགེ་རྒན་ལ་འགན་འཁྲི་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད་པས། དགེ་རྒན་ལ་ངེས་པར་དུ་འགན་ཁུར་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམ་པས་ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཉིད་སྟོང་ཟད་དུ་མི་གཏོང་བར། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོ་འཆང་བའི་སྒོ་ནས་མཚོ་སྔོན་སློབ་གསོ་དེང་རབས་ཅན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས།

མི་ཅི་ལྟ་བུ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་སློབ་གསོའི་གནད་དོན་གཙོ་བོ་སྟེ། རྒྱ་ཆེ་བའི་དགེ་རྒན་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་བུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་སེམས་གཅིག་སྒྲིལ་བྱེད་པ་དང་། མི་གཞི་ལེགས་སུ་གཏོང་བ། མི་ཤུགས་གསར་འདོན་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱ་བའི་དམིགས་འབེན་དུ་བཟུང་སྟེ། སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་ལེགས་འཕེལ་ཡོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་ལས་རྒྱུན་འཛིན་མཁན་གསོ་སྐྱོང་བྱ་དགོས།

ཕུགས་བསམ་དང་། འཇོན་ནུས། འགན་ཁུར་བཅས་ལྡན་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱས་ཏེ། དགེ་རྒན་ལ་སྤྱོད་ཡོན་གཉིས་འཛོམ་དགོས་པའི་བླང་བྱ་འདོན་པ་དང་། ཀུན་སྤྱོད་ལེགས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་བཅིངས་ནས། དགེ་རྒན་རང་ཉིད་ཀྱི་སྤྱོན་ཡོན་གཉིས་ཀྱིས་སློབ་མ་ལེགས་པར་སྐྱོང་བའི་ལས་འགན་དང་འགན་ཁུར་མངོན་པར་མཚོན་པ། “བཞི་ལྡན་གྱི་དགེ་རྒན་བཟང་པོ”དང“ལམ་སྟོན་གནང་མཁན་བཞི”གཏིང་ཟབ་ཏུ་ལག་ལེན་བྱས་པ་ཡིས“རིག་པ་ཁོང་དུ་ཆུད་བྱས་ནས། །ཤེས་རིག་བདུད་རྩིས་སློབ་འཁོར་སྐྱོངས། །སྤྱོད་པ་བཟང་པོ་ལྡན་བྱས་ནས། །གང་ཟག་གཞན་ལ་མིག་དཔེ་སྟོན། །”ཞེས་པའི་དོན་སྤྱི་ཟབ་མོ་ཉིད་འགྲེལ་བཤད་བྱས་ཏེ། འགན་ཁུར་ཐུབ་པ་དང་བྱས་རྗེས་ཡོད་པའི་དུས་རབས་གསར་པའི་མི་དམངས་ཀྱི་དགེ་རྒན་ཞིག་ཡོང་བར་འབད་དགོས།

“ཤིང་ཞིག་གསོ་བར་ལོ་བཅུ་དགོས། །མི་ཞིག་སྐྱོང་བར་ལོ་བརྒྱ་དགོས”ཞེས་པའི་དཔེ་ལྟར། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩ་ནི་བསམ་བློའི་ཉིང་བཅུད་བཙོ་སྦྱང་བྱེད་པའི་ཀུན་སྤྱོད་བཟང་པོ་སྐྱོང་བར་རག་ལས་པས། རྒྱ་ཆེའི་དགེ་རྒན་རྣམ་པས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་དུ་འཛིན་པའི་རིན་ཐང་གི་ལྟ་བ་ལག་ལེན་བྱེད་པར་སྣེ་ཁྲིད་དེ། ཕུགས་རེའི་དད་མོས་ཀྱི་བློ་རྩ་བརྟན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སྐྱོང་བ། གཤིས་སྤྱོད་དང་དང་བློ་སྦྱོང་ལ་ཤུགས་སྣོན་པ། ཕྱོགས་བསྡུས་སྤུས་ཚད་ཤུགས་ཆེར་བཏང་སྟེ་ཀུན་སྤྱོད་གཙང་མས་རང་མགོ་རང་ཐོན་བྱེད་པ་དང་། ཀུན་སྤྱོད་གཙང་མས་སློབ་གྲྭ་འཛུགས་སྐྲུན་བྱེད་པ། ཀུན་སྤྱོད་གཙང་མས་སློབ་སྟོན་གནང་བ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྣེ་ཁྲིད་མཁན་དང་ལམ་སྟོན་མཁན་གྱི་འགན་འཁུར་དགོས།

སློབ་གསོའི་ཇུས་ཆེན་འགོད་པར་དགེ་རྒན་གཞི་རྩར་འཛིན་དགོས་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམ་པས་ནན་ཏན་སྒོས་ཞི་ཅིན་ཕེང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། མི་ཅི་ལྟ་བུ་ཞིག་སྐྱེད་སྲིང་བྱེད་པ་དང་།       ཅི་ལྟར་སྐྱེད་སྲིང་བྱེད་པ། སུའི་དོན་དུ་སྐྱེད་སྲིང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་འདི་དམིགས་སུ་འཛིན་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁྱོན་ཡོངས་ནས་དུས་རབས་གསར་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བཅོས་སྒྱུར་ཇེ་ཇབ་ཏུ་གཏོང་བའི་སྐོར་གྱི་བྱ་བའི་བཀོད་སྒྲིག་གཏིང་ཟབ་ཏུ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། མཚོ་སྔོན་གྱི་འཛིན་མ་ཡངས་པོར་གཞི་འཆའ་བ་དང་མཚོ་སྔོན་གསར་པའི་འདུ་ཤེས་ལག་བསྟར་བྱེད་པ། འགན་འཁྲིའི་ལས་འགན་ཡིད་ལ་བརྟན་པོར་འཆང་བ། རང་རྟོགས་སྒོས་ལས་ལ་སྤྲོ་ཞིང་སྐྱེས་སུ་འབུལ་བ། དགེ་རྒན་གྱི་མཆོག་གྱུར་ཀུན་སྤྱོད་དར་སྤེལ་གཏོང་བ། སེམས་རྣལ་དུ་ཕབ་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ལས་དོན་བསྒྲུབ་པའི་སེམས་ཤུགས་དྲག་པོ་དང་། འགན་འཁྲིའི་བསམ་པ། བྱ་བར་སྤྲོ་སེམས་ཀྱིས་ཁེངས་པ་བཅས་ཀྱིས་མཚོ་སྔོན་སློབ་གསོ་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། “ཕུལ་བྱུང་གཅིག་དང་མཐོ་བ་གཉིས”སྐུལ་འདེད་བྱེད་པ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་པ་བཅས་ལ་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས་སོ། །


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།