ཀྲུང་གོ་བོད་ཀྱི་དྲ་བ།

ཁེར་རྐྱང་ངང་མ་འོངས་པར་བགྲོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩོམ་པ་པོ། ཅཱ་ཕེན་ཨའོ།   ལོ་ཙཱ་བ། རྡོ་རྗེ་སྒྲོལ་མ། (མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།)

མི་མང་བོས་རང་ཉིད་ཁེར་རྐྱང་དུ་འདོད་ཀྱང་། དོན་དུ་རང་ཉིད་ཁེར་རྐྱང་དུ་སྨྲ་མཁན་དག་ནི་གཏན་ནས་ཁེར་རྐྱང་མ་ཡིན། ཁེར་རྐྱང་ནི་གཞན་གྱིས་རིས་སུ་སྟོར་བའམ་རིང་དུ་འདོར་བ་མ་ཡིན་པར། རང་ལ་སྙིང་གྲོགས་མེད་ཅིང་གཞན་གྱིས་རྒྱུས་ལོན་མི་བྱེད་པ་དེ་ཡིན། དོན་དུ་ཁེར་རྐྱང་ཡིན་མཁན་གྱིས་སྐབས་རེར་ང་ཚོས་མཐོང་བའི་གཅན་གཟན་དང་འདྲ་བར་ངར་སྐད་ཙམ་སྒྲོག་པ་ལས་རང་ཉིད་ཁེར་རྐྱང་དུ་མི་སྨྲའོ།།

ཉམ་ཆུང་གི་རིགས་རྣམས་འདུས་ཏེ་སྡོད་པས། གྲངས་འབོར་ཡང་མང་དུ་འདུག ཁོ་ཚོས་འབད་བརྩོན་ཀྱི་དམིགས་པ་ནི་རང་ཉིད་སྟོབས་དང་ལྡན་པར་འགྱུར་རྒྱུ་སྟེ། དཔེར་ན་འབུ་ཐུམ་དེ་འབུ་མེ་ལྕེབ་ཏུ་འཕོ་འགྱུར་བྱས་པ་ལྟ་བུའོ།། ཡིན་ཡང་འཕོ་འགྱུར་དེ་ཉིད་ལེགས་འགྲུབ་བྱུང་གྱུར་ན། སྔར་ཡོད་ཀྱི་འདོད་པ་མགུ་བྱེད་དང་ལོངས་སྤྱོད་ཀྱི་རེ་བ་མེད་པར་འགྱུར་སྲིད་དེ། རྒྱལ་པོ་ནི་དེ་འདྲ་དང་མི་སྣ་མིང་གྲགས་ཅན་ཡང་དེ་བཞིན་ཡིན། འབྱོར་ལྡན་པ་རྣམས་ཀྱིས་དངུལ་གསོག་པ་ནི་ལས་རིགས་ཤིག་ཏུ་གྱུར་འདུག་ལ། ཕག་རིགས་སྣ་ཚོགས་སྦྱོར་སྡེབ་བྱེད་པའང་བརྩེ་དུང་གི་ཕྱིར་ག་ལ་ཡིན།

ངས་སྨྲ་ཉུང་ཁེར་སྡོད་ཀྱི་མི་མང་བོ་མཐོང་མྱོང་ལ། སྐྱི་པགས་དང་སྐྲ་ལོ་ཡ་མ་ཟུང་དུ་བཅོས་པའི་མི་ཡང་རིག་མྱོང་། དེ་དག་གིས་རང་ཉིད་ཁེར་རྐྱང་དུ་འདོད་མོད། དེ་ནི་ཁེར་རྐྱང་མིན་པར་མཐའ་ལྷུང་ཡིན་ཏེ། ཁོ་ཚོ་དབྱར་ཟླ་དྲུག་པའི་གྲོ་ཞིང་དུ་འགྱུར་འདོད་མོད། འོན་ཀྱང་ཁྲུ་གང་སྐྱེས་པ་ཙམ་ལས་སྙེ་མ་འབུས་ཤིང་འབྲས་བུ་འབུ་སྦྲང་གི་མགོ་ལྟ་བུ་ཞིག་ཐོགས་པ་རེད།

ལས་རིགས་སོ་སོར་ཁེར་རྐྱང་གི་མི་རེ་ཡོད་སྲིད་དེ། རྩོམ་རིག་གི་ཁྱབ་ཁོངས་ནས་ང་རང་དེ་ལྟ་བུའི་མི་ཞིག་ལ་འཕྲད་མྱོང་། ཁོའི་གྲགས་པ་རྒྱལ་ཡོངས་སུ་ཁྱབ་ཅིང་། ཁོ་ལ་སྐུར་བཏབ་པའི་ཚིག་གིས་ཀྱང་གནམ་ས་ཁེངས་ཡོད། ཁོ་རང་ནམ་རྒྱུན་བསྟོད་པས་མི་དགའ་ཞིང་སྨད་པས་མི་སྡུག་པར་དམན་ས་བཟུང་སྟེ་འཚོ་བ་རོལ་པ་དང་རྩོམ་འབྲི་བྱེད་མོད། འོན་ཀྱང་ངས་ཁོ་རང་ཁེར་རྐྱང་ཡིན་པ་རྟོགས་ཐུབ།  

"སྐུ་ཞབས།" ཉིན་ཞིག་ང་རང་ཁོ་དང་ཉེ་བར་བཅར་ནས་བཤད་པ་སྟེ།   "ཁྱོད་ཀྱིས་འདང་ཞིག་རྒྱོབ་དང་། ཤ་སྡེར་མ་གང་ལ་ཀུན་གྱིས་ཅེར་ཏེ་ཟ་འདོད་ཀྱི་རྔམ་པ་འཕེལ་བའི་སྐབས་སུ། ཁྱོད་ཀྱིས་ཤ་དེ་ཁྱེར་ནས་བྲོས་པ་ན། མི་ཚོགས་ཀྱིས་གཅར་རྡུང་མི་ཕོག་པའི་གཡོལ་ཐབས་ཡོད་དམ།"

ཁོས་སྐད་ཆ་དེ་གསན་རྗེས།   ཡོད་མེད་ཀྱི་ཚིག་གཅིག་ཀྱང་མི་བཤད་པར་ང་ལ་འཚམས་འདྲིའི་ལག་འཇུ་ཙམ་ཡང་མ་བྱས་པར་གློ་བུར་དུ་མིག་ཆུ་ཁྲོམ་ཁྲོམ་བཞུར།

"སྐུ་ཞབས།   སྐུ་ཞབས་་་་་་་"  ངས་ཁོ་རང་སྐྱོར་བཞིན་དེ་ལྟར་བཤད།

"ང་རང་གཏན་ནས་ཁེར་རྐྱང་མིན།"  ཁོས་དེ་ལྟར་བཤད་རྗེས་མྱུར་མོར་བུད་སོང་། 

ངས་རང་ཉིད་ཁོའི་སྙིང་གྲོགས་སུ་འགྱུར་སྲིད་པར་བསམ་མོད། འོན་ཀྱང་རེ་འདོད་མ་སྨིན། ཁོས་ཅིའི་ཕྱུར་མིག་ཆུ་བཏོན་པ་རེད། "ང་རང་གཏན་ནས་ཁེར་རྐྱང་མིན།"  ཞེས་པའི་དོན་ཡང་ཅི་ཞིག་རེད།  

ལོ་གཅིག་འགོར་རྗེས། རྩོམ་པ་པོ་འདིས་ཡང་བསྐྱར་གསར་རྩོམ་གྱི་དེབ་ཅིག་པར་དུ་བསྐྲུན་ཞིང་། ངས་ཤོག་ངོས་ཤིག་གི"དམ་པ་དུལ་ཞིང་སྦྱོར་བ་འཇམ"ཞེས་པའི་ཡིག་འབྲུ་དག་ཀློག་སྐབས་གཞི་ནས་རྟོགས་སོང་སྟེ། འཇིག་རྟེན་འདིས་བྱུང་རྒྱལ་དུ་མི་སོ་སོ་ཁེར་རྐྱང་དུ་བསྒྱུར་མི་སྲིད་པ་དང་། འདུས་སྡོད་ལ་དོ་མཉམ་ཞིག་ཡོང་དགོས། ཕྲག་དོག་ལས་སྐྱེད་པའི་སྐུར་འདེབས་དང་གཉའ་གནོན། ངོ་ཚ། རྒོལ་རྡུང་། མནར་གཅོད་སོགས་ལ། གལ་སྲིད་ཁྱོད་ཀྱིས་ནུས་པ་ཐམས་ཅད་འདོན་མ་ཐུབ་ཚེ། ཁྱོད་རང་ནི་ཕལ་བའི་མི་ཞིག་གོ།བགྲོད་པ་མཐར་ཐུག་ཏུ་བསྐྱངས་ན་སྐྱེ་རྒུ་ཡོངས་ལས་བརྒལ་སྲིད་དེ་ཀུན་གྱིས་ཁྱོད་ལ་དགའ་འབོད་དང་དད་གུས་འབུལ་ཞིང་། སེམས་ཅན་གྱིས་མཆོག་ཏུ་བཀུར་ངེས་པའོ། །

       འཕགས་པ་ནི་དོན་དངོས་ཀྱི་ཁེར་རྐྱང་ཡིན།

      ཁེར་རྐྱང་ལ་ཕྱོགས་པའི་མི་ཡིས་གཞན་གྱིས་རང་ལ་བཟུང་པའི་སྙིང་རྗེ་དང་གདུང་སེམས་ཀྱི་ལྟ་ཚུལ་དང་ལེན་བྱེད་དཀའ་བའོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།